རྒྱ་ནག་གི་ད་ལྟའི་གནས་སྟངས་དང་ཆིང་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་སྔོན་ཤིན་ཏུ་མཚུངས།

1603031036332525-600x400ད་ལྟ་རྒྱ་ནག་གི་སྤྱི་ཚོགས་ནང་གནད་དོན་རིགས་ཤིན་ཏུ་མང་པོ་ཞིག་ག་ས་གང་ནས་བརྡོལ་ཡོང་གི་ཡོད་ཅིང་། དཔལ་འབྱོར་ཉམས་རྒུད་དུ་གྱུར་པའི་གནོན་ཤུགས་ཆེ་བ་དང་། དངུལ་རྩའི་ཁྲོམ་ར་མི་བརྟན་པའི་འཕེལ་འགྲིབ་སྡུག་ཏུ་ཕྱིན་པ། གློ་བུར་བའི་མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཡང་ནས་ཡང་དུ་ལྷགས་པ། སྤྱི་ཚོགས་དང་མི་སེམས་ལྷིང་འཇགས་མེད་པའི་གནད་དོན་རྒྱ་ཁྱབ་ཏུ་གྱུར་ཏེ། མི་མང་གི་འཁོན་འཛིན་ནི་འབུད་ཤིང་སྐམ་པོ་ཞིག་དང་འདྲ་བར་མེ་དང་འཕྲད་པ་ཙམ་གྱིས་འབར་ཆོག་ཆོག་ཅིག་ཏུ་གྱུར་ཡོད།


འདས་པའི་རྒྱ་ནག་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། རྒྱ་ནག་དམར་ཤོག་ཚོགས་པའི་ད་ལྟའི་གནས་སྟངས་དང་ཆིང་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་སྔོན་གྱི་གནས་བབ་དང་ཧ་ཅང་མཚུངས། མིག་སྔར་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་མི་སྣ་མང་པོ་ཞིག་གིས་ལོ་རྒྱུས་ལ་དཔེ་བླངས་ཏེ་ད་ལྟའི་གནས་བབ་ལ་ལྟ་བའི་ལམ་ནས། ད་ལྟའི་ཆར་རྒྱ་ནག་དངོས་སུ་འགྱུར་ལྡོག་ཆེན་པོ་ཞིག་ཡོང་ཉེའི་སྔ་ནུབ་ཏུ་ཡོད་པ་ཤུགས་ནས་བསྟན།

༢༠༡༠ ལོའི་ཟླ་༡༠ ཚེས་༡༠ ཉིན་<<རྒྱ་ནག་ཚོང་ལས་གསར་ཤོག་>> སྟེང་བཀོད་པའི་སྐམ་སའི་རང་དབང་ཅན་གྱི་རྩོམ་པ་པོ་ཧྤུ་གཱོ་ཡུང་གི་རྩོམ་ཡིག་<<༡༩༡༡ ལོ། ཆིང་རྒྱལ་རབས་མཇུག་རྫོགས་པའི་སྔ་ནུབ་>> ཞེས་པ་ཉེ་ཆར་སླར་ཡང་དྲ་ལམ་ཁག་ཏུ་ཤུགས་ཆེར་ཁྱབ། ཧྥུ་གཱོ་ཡུང་ནི་“གོ་མིན་རྒྱལ་ཁབ་”(མི་སེར་རྒྱལ་ཁབ་) ཀྱི་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པ་ཞིག་ཡིན་ཞིང་། ཁོང་གིས་རྩོམ་ཡིག་དེའི་ནང་ཆིང་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ལ་ཉེ་བའི་སྐབས་ཀྱི་རྣམ་པ་འགྲེལ་བརྗོད་བྱས། “༡༩༡༡ ལོ་འགོ་འཛུགས་པའི་སྐབས་པེ་ཅིང་གི་དབང་འཛིན་པ་སུ་གཅིག་གིས་ཀྱང་ཁོང་ཚོའི་ལས་དབང་མྱུར་དུ་མཇུག་བསྡུ་རྒྱུ་ཡིན་པའི་ཚོད་བགམ་བྱ་ཐུབ་མེད། དུས་སྐབས་དེའི་རིང་གི་དབང་འཛིན་པས་བཞག་པའི་ཉིན་ཐོ་དང་དྲན་ཐོ། འཕྲིན་ཡིག་སོགས་ལས་ང་ཚོས་མཐོང་ཐུབ་པ་ནི། དཔོན་རིགས་མཐོ་དམན་སུ་གཅིག་གིས་ཀྱང་ལོ་དེའི་ཟླ་༡༠ ཚེས་༡༠ ཡི་སྔོན་ལ་ཆིང་རྒྱལ་རབས་མཇུག་རྫོགས་རྒྱུ་ཡིན་པ་ཡིད་ལའང་མ་དྲན། ཁོང་ཚོའི་ཉིན་ཐོའི་ནང་འཁོད་པ་ནི་ཉིན་ལྟར་བཞེས་ལག་བཀྱག་རེས་དང་ལག་རྟགས་ཕུལ་རེས་ལྟ་བུའི་སྐོར་ཡིན་པ་དང་། བལྟས་ཚོད་ལ་རྫོགས་ལྡན་གྱི་དཔལ་ཡོན་རྣམ་པར་བཞད་པའི་དུས་སྐབས་ཤིག་གི་རྣམ་པ་མངོན་ཡོད།”

འོན་ཀྱང་། དོན་དངོས་སུ་ཆིང་རྒྱལ་རབས་འཐོར་ཞིག་ཏུ་མ་གྱུར་པའི་སྔོན་ཡ་མཚན་ཅན་གྱི་སྔ་ལྟས་མང་པོ་ཞིག་ཐོན། རྩོམ་ཡིག་ནང་དཔེ་མཚོན་གྱི་ལམ་ནས་བརྗོད་དོན། “མང་ཚོགས་ཁྲོད་ནམ་མཁར་སྐར་མ་དུ་བ་མཇུག་རིང་ཞིག་འཆར་རྒྱུ་ཡིན་པའི་བཤད་ཡམས་གང་སར་ཁྱབ་པ་དང་། སྐར་མ་དུ་བ་མཇུག་རིང་ནི་དུས་འགྱུར་ཆེན་མོ་ཞིག་ཡོང་ཉེན་གྱི་སྔ་ལྟས་ཡིན་པའི་བཤད་སྲོལ་མཆིས། ༡༩༠༨ ལོ་ནས་༡༩༡༡ ལོའི་བར་གྱི་དུས་ཡུན་ཐུང་ངུ་ལོ་གསུམ་གྱི་ནང་། དམངས་ཁྲོད་དུ་ཆིང་རྒྱལ་རབས་འཐོར་ཞིག་ཏུ་འགྲོ་རྒྱུའི་དཀྲོག་གཏམ་གང་སར་བསྒྲགས། དུས་སྐབས་དེའི་མི་རྣམས་ཀྱི་ཉིན་ཐོ་ལས་མངོན་པ་ལྟར་ན། ཉུང་མཐར་ཡང་ས་ཁུལ་མི་འདྲ་བ་གསུམ་གྱི་མིས་སྐར་མ་དུ་བ་མཇུག་རིང་ཟགས་པའི་རྣམ་པ་མཐོང་། ཧྥུ་གོ་ཡུང་གིས་རྩོམ་ཡིག་ནང་དབྱེ་ཞིབ་བྱས་པ་ལྟར། ཆིང་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་རྒྱུ་རྐྱེན་གཅིག་ནི་ཡ་མཚན་ཅན་གྱི་རྟགས་མཚན་དེ་དག་ལས་བྱུང་པ་དང་། དེའི་རྒྱབ་ནས་མི་མངོན་པའི་ཚུལ་གྱིས་མིའི་བསམ་བློ་དང་སེམས་ཁམས་ལ་འགྱུར་ལྡོག་ཐེབས་ཡོད།

༡༩༠༩ ལོ་ནས་༡༩༡༠ ལོར་བསྟུད་མར་དྲག་ཆར་བབས་པ་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོར་ཆུའི་གནོད་སྐྱོན་བྱུང་སྟེ། སྟོན་ཐོག་དུས་ལྟར་བསྡུ་མ་ཐུབ་པར་འབྲུ་རིགས་ཀྱི་མི་འདང་བའི་དཀའ་ངལ་འཕྲད་པ་དང་། དེས་མ་རྐང་ལ་ཤན་ཤུགས་ཐེབས་ཏེ་དངུལ་ཁང་མང་པོ་སྒོ་བརྒྱབ་དགོས་བྱུང་པ་དང་དུས་མཚུངས། ཟ་འབྲུའི་རིན་གོང་དང་ཁང་གླ་འཕར་སྟངས་ནི་ཧ་ལས་པ་ཞིག་ཡིན།

དཔྱད་གླེང་བྱ་རིན་ཡོད་པའི་སྐད་ཆ་ཞིག་ནི་ཁོང་གིས་རྩོམ་ཡིག་ནང་བྲིས་པ་ལྟར། སྐབས་དེར་མི་ཧ་ཅང་མང་པོ་ཞིག་གིས་ཉིན་ལྟར་བྱུང་པའི་དཀྲོག་གཏམ་འདྲ་མིན་ཡིག་ཐོག་ཏུ་བཀོད་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་འགའ་ལས་མ་འགོར་བར་དཀྲོག་གཏམ་དེ་དག་ཚང་མ་དངོས་ཡོད་གནས་ཚུལ་ཆགས་འགྲོ་ཡི་ཡོད། དུས་སྐབས་དེའི་གནས་སྟངས་དང་དེང་སང་གི་རྒྱ་ནག་སྤྱི་ཚོགས་ནང་“དཀྲོག་གཏམ་ནི་ལུང་བསྟན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་”གཉིས་ཨ་ན་མ་ན་རེད།

ཞི་ཅིན་ཕིང་གི་“བློ་འདོན་པས”་རྒྱ་དམར་འཆི་གསོན་གྱི་འགག་སྒོར་ཡོད་པའི་བརྡ་བསྟན།

ཟླ་༤ ཚེས་༣ ཉིན་རྒྱ་ནག་<<དངུལ་འབྱོར་དྲ་བའི་>>སྐད་འཕྲིན་སྟེང་བསྐྱར་དུ་རྒྱ་ནག་དབུས་དམར་ཤོག་སློབ་གླིང་གི་སློབ་སྤྱི་གཞོན་པ་ཟུར་པ་ལི་ཧྲུ་ལའེ་ཡིས། དེ་སྔར་༢༠༡༤ལོར་ཝུ་ཞུ་གསར་བརྗེ་ལས་འགུལ་ལོ་བརྒྱ་ཡི་ཆེད་དུ་བྲིས་པའི་མྱ་ངན་ཞུ་ཚིག་<<ལྟ་བ་མཐར་ལྷུང་ཇི་ལྟར་བཤད།>>ཅེས་པའི་རྩོམ་ཡིག་ནང་། ལམ་ལུགས་སྒྱུར་བའམ་(བཅོས་སྒྱུར། གསར་བརྗེ། ལེགས་བཅོས་)ནི་གནའ་ནས་བཟུང་སྲིད་དབང་ཞིག་གིས་ཐབས་ཤེས་མེད་པའི་གནས་སྟངས་འོག་གསར་བརྗེ་མ་ཡིན་པའི་ལམ་ནས་རང་ཉིད་གསོན་ཐབས་ཀྱི་ལག་ལེན་ཞིག་ཡིན་ལ། དབང་སྒྱུར་ཤོག་ཁག་ལ་འཕྲད་པའི་སྲིད་དབང་འགོ་རྟིང་སློག་ཉེན་གྱི་འཇིགས་སྣང་ཞིག་དང་། རྒྱལ་ཁབ་འཆི་གསོན་ལ་ཐུག་པའི་འགན་ཁུར་གྱི་རྟིང་སྐུལ་འོག་ལག་བསྟར་བྱེད་པའི་རང་ཉིད་གཤག་བཅོས་དང་རང་ཉིད་དུས་བསྟུན་ཁ་གསབ་ཀྱི་ཐབས་ལམ་ཞིག་གམ། ཡང་ན་ཁོར་ཡུག་ལ་གློ་བུར་དུ་འགྱུར་ལྡོག་བྱུང་པའམ་ཡུན་རིང་གི་ནད་རྙིང་ཕུང་གསོག་སོགས། མདོར་ན་ལམ་སྲོལ་སྒྱུར་བཅོས་ཀྱི་བསམ་བློ་སླེབས་དུས་སྲིད་དབང་འཇིགས་ཉེན་གྱི་འོག་ཏུ་ཚུད་པ་ཡིན།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། “ལམ་ལུགས་བཅོས་སྒྱུར་ཐུབ་མིན་ནི་སྲིད་དབང་དེའི་རྒྱུ་སྤུས་ལ་ཉམས་ཚོད་དྲག་པོ་ཞིག་ལེན་པ་ཡིན་ཞིང་། ཉམས་ཚོད་དེའི་རིགས་ལས་ལྷག་པའི་ཆེས་དངོས་ཡོད་ཅིག་དང་ཆེས་ཡིད་བསུན་པོ་ཞིག་མེད་པ་མ་ཟད། ལམ་ལྷོངས་བྱུང་ན་གསོན་པོར་གནས་རྒྱུ་དང་མ་བྱུང་ན་འཆི་ལམ་ཉག་གཅིག་ལས་མེད།”

གཞུང་འབྲེལ་བརྒྱུད་ལམ་གྱིས་ཤྭིན་ཧ་སློབ་དཔོན་གྱི་སྐད་ཆ་ལུང་དྲངས་ཏེ་རྒྱ་དམར་གྱི་གནས་བབ་གསལ་བཤད

འདི་ལོའི་ཟླ་༤ ཚེས་༤ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་བརྒྱུད་ལམ་<<སློབ་སྦྱོང་དུས་བབ>>སྟེང་ཤྭིན་ཧ་སློབ་གྲྭ་ཆེན་མོའི་སློབ་དཔོན་སུན་ལི་ཕིང་གི་གསར་བརྗེའི་ལྟ་ཚུལ་ལུང་འདྲེན་བྱས་ཡོད་ཅིང་། དེ་ཡང་ཁོང་གིས་“བཅོས་སྒྱུར་སྒོ་འབྱེད་ཐོག་མའི་སྐབས། རྒྱ་ནག་དམར་ཤོག་ཚོགས་པའི་བཅོས་སྒྱུར་གྱི་ཀུན་སློང་ཡང་། ཅི་ཞིག་ནས་འགོ་བརྩམས་ཏེ་གང་ཞིག་ལ་མཇུག་བསྡུ་རྒྱུ་ལས་ལྷག་པ་ཞིག་མེད། འགོ་བརྩམས་ས་ནི་ལམ་ལུགས་རྙིང་པ་ཡིན་དགོས་ཤིང་མཐར་འབབ་ས་ལམ་ལུགས་གསར་པ་ཡིན། བརྒྱུད་རིམ་དེའི་མཇུག་འབྲས་ཅི་ཞིག་ཡིན་ནམ་ཞེ་ན། སྐབས་དེའི་གཏན་ཚིགས་ལ་གཞིགས་ཏེ་བཤད་ན། མཇུག་འབྲས་གཉིས་ཁོ་ན་ལ་བསམ་བློ་བཏང་ཡོད། གཅིག་ནི་ལམ་ལྷོངས་དང་གཅིག་ཤོས་ལམ་ལྷོངས་མ་བྱུང་པ་ཡིན། གལ་ཏེ་མཇུག་མཐའི་བར་དུ་བསྐྱོད་ཐུབ་པ་ཡིན་ན་བཅོས་སྒྱུར་ལེགས་འགྲུབ་བྱུང་པ་དང་། གལ་ཏེ་སྔར་གྱི་འགོ་འཛུགས་ས་དེར་བསྐྱར་ལོག་བརྒྱབ་པ་ཡིན་ལམ་ལྷོངས་མ་བྱུང་པ་རེད།

སུན་ལི་ཕིང་གིས་བརྗོད་རྒྱུར། འོན་ཀྱང་། དངོས་གནས་བྱས་ན་ད་དུང་ལམ་ཁ་གསུམ་པའང་བསྟེན་སྲིད། གལ་ཏེ་ལམ་ཕྱེད་ལ་སླེབས་རྗེས་མུ་མཐུད་དུ་མདུན་བསྐྱོད་མི་བྱ་བར། འགུལ་སྐྱོད་མི་རྒྱག་པར། འགུལ་སྐྱོད་མི་རྒྱག་པ་ཙམ་མ་ཟད་དེ་ལྟ་བུའི་རྣམ་པ་ནི་ལྟོས་འཇོག་གིས་བརྟན་ལྷིང་གི་ལམ་ལུགས་ཤིག་ཏུ་གཏན་འབེབས་བྱས་པ་དང་། བཅོས་སྒྱུར་གྱི་ལམ་བུ་འགག་པའི་པ་ནི་མི་ཁ་ཤས་མུ་མཐུད་དུ་མདུན་བསྐྱོད་བྱ་མི་འདོད་པས་ཡིན།

རྒྱ་དམར་ནང་ཁུལ་གྱི་ཆེད་མཁས་པས་བཀག་རྒྱ་གཏོར་ཏེ་ཡོངས་གྲགས་ཐོག་སྲིད་འཛིན་ལམ་ལུགས་གླེང་།

ཟླ་༤ ཚེས་༢ ཉིན་རྒྱ་ནག་དམར་ཤོག་རྒྱལ་ཁབ་འཛིན་སྐྱོང་སློབ་གླིང་གི་སློབ་དཔོན་ཝང་ཡུ་ཁེ་ཡིས་<<མཉམ་འབྲེལ་ཞོགས་ཚགས་དྲ་བའི་>>བཅར་འདྲི་དང་ལེན་སྐབས་དབྱེ་ཞིབ་བྱེད་དོན། “རྒྱ་ནག་ནི་ད་ལྟ་དངོས་སུ་ལོ་རྒྱུས་འགྱུར་ལྡོག་ཆེན་མོ་ཞིག་གི་འགག་སྒོ་རུ་སླེབས་ཡོད་ཅིང་། བསྐྱར་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་འཕེལ་འབྱོར་འཕེལ་རྒྱས། ཆབ་སྲིད་ཀྱི་རིན་ཐང་བཅས་སྒྲོམ་གཞི་ཆེན་མོ་གསུམ་གྱི་མ་གདན་འཚོལ་བཞིན་ཡོད་ལ། མིག་སྔར་ད་དུང་སྤྱི་སྒྲོམ་གཏན་ལ་མ་ཕབ་པའི་ངེས་གཏན་མེད་པའི་བརྒྱུད་རིམ་ཁྲོད་ཡོད་པར་བརྟེན། ཕྱི་ནང་གཉིས་ལ་སེམས་འཚུབ་སློང་པ་ནི་བཟློག་ཐབས་མེད་པ་ཞིག་ཡིན།

ཝང་ཡུ་ཁེ་ཡིས་ངོས་འཛིན་གནང་དོན། གང་འདྲ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོན་དམ་པར་ཁས་བླངས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་ཡོངས་ནས་མོས་མཐུན་བྱས་པའི་ལམ་ལུགས་ཀྱི་ཇུས་འགོད་དང་ནུས་པ་ལྡན་པའི་ལམ་ལུགས་ཀྱི་སྒྲོམ་གཞི་ཞིག་འཚོལ་རྒྱུ་ནི། ད་གཟོད་མཐོ་རིམ་གྱིས་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་ཞིག་ཏུ་གྱུར་ཡོད།

མི་ཁ་ཤས་ཀྱིས་རྒྱ་ནག་གི་ད་ལྟའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལམ་ལུགས་དེ་མ་འོངས་པར་སྲིད་འཛིན་ལམ་ལུགས་སུ་བསྒྱུར་རྒྱུའི་སྐོར་བརྗོད་བཞིན་ཡོད། འོན་ཀྱང་། ཕྱིའི་རྣམ་པ་དང་བཟོ་ལྟ་ནི་གལ་འགངས་ཆེ་ཤོས་མ་ཡིན་པར། གནད་འགག་ནི་ལམ་ལུགས་ཇུས་འགོད་ཀྱི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་ཡིན། གལ་ཏེ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་སྲིད་འཛིན་ལམ་ལུགས་སུ་འགྱུར་པ་ཡིན་ནའང་ཁྱད་པར་ཆེན་པོ་གང་ཡང་མེད་པར། མིག་སྔར་གྱི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ལ་བལྟས་ཏེ་བཤད་པ་ཡིན་ན། ངེས་པར་དུ་མ་ལག་རང་བཞིན་གྱི་བཅོས་སྒྱུར་ཞིག་བྱེད་དགོས། གལ་ཏེ་རིག་གནས་གསར་བརྗེ་ཆེན་མོའི་རིན་ཐང་ལྟ་ཚུལ་གྱི་རྣམ་པའི་ཐོག་བསྐྱར་ལོག་བརྒྱབ་པ་ཡིན་ན། རྒྱ་ནག་ལ་མདུན་ལམ་མེད་ངེས་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་བཞུར་རྒྱུན་ནི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་བའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

རུལ་རྒོལ་ཆེད་མཁས་པས་ད་ལྟའི་ལམ་ལུགས་ཀྱི་གྲུབ་ཆ་ལ་གནད་དོན་ཡོད་པ་ཁས་བླངས།

རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་གནད་དོན་སྐོར་ནས་གླེང་མཁན་གྱི་ཁྲོད་དུ་ད་དུང་རྒྱ་ནག་དམར་ཤོག་སྒྲིག་བཤེར་ལྟ་ཞིབ་སློབ་གླིང་གི་སློབ་སྤྱི་གཞོན་པ་ཟུར་པ་དང་ལམ་ལུགས་རུལ་རྒོལ་ཆེད་མཁས་པ་ལི་ཡུང་ཀྲུང་ཡང་ཡོད།

ལི་ཡུང་ཀྲུང་གིས་ཟླ་༣ ཚེས་༡༠ ཉིན་སྤེལ་བའི་རྩོམ་ཡིག་<<རུལ་རྒོལ་གྱི་མཐའ་མའི་དམིགས་འབེན་དེ་རུལ་སུངས་ཀྱི་དཔོན་རིགས་མཇུ་བཟུང་བྱ་རྒྱུ་དེ་མིན་>> ཞེས་པའི་ནང་། “ཆབ་སྲིད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་མ་བྱས་པ་ཡིན་ན། ཆབ་སྲིད་བཅོས་སྒྱུར་གྱི་སྔོན་འགྲོའི་སྟ་གོན་མ་བྱས་པ་ཡིན་ན། དམར་ཤོག་ཚོགས་པའི་དབང་ཆ་བགོ་བཤའ་མ་རྒྱག་པ་ཡིན་ན། སྒྲིག་བཤེར་ལྷན་ཁང་དང་ལས་ཁུངས་གང་འདྲ་ཞིག་ཡིན་ནའང་གནས་རིམ་གཅིག་མཚུངས་ཡིན་པའི་དམར་ཤོག་ཚོགས་པའི་རྒྱུན་ལྷན་(ཏང་ཨུ) ལ་ནུས་པ་ལྡན་པའི་ལྟ་སྲུང་བྱ་ཐུབ་མི་སྲིད་པ་ཞིག་རེད།

དམར་ཤོག་རྒྱུན་ལྷན་གྱི་ལག་ཏུ་ཇུས་འདོན་དང་ལག་བསྟར། ལྟ་ཞིབ་བཅས་གསུམ་གྱི་དབང་ཆ་མཉམ་དུ་ཡོད་པ་ཙམ་གྱིས། དབུས་སྒྲིག་བཤེར་ལྷན་ཁང་ཡིན་ནའང་འདྲ། ཞིང་ཆེན་སྒྲིག་བཤེར་ཁང་དང་གྲོང་ཁྱེར། རྫོང་བཅས་སྒྲིག་བཤེར་ཁང་གང་འདྲ་ཞིག་ཡིན་ནའང་གནས་རིམ་གཅིག་པའི་དམར་ཤོག་རྒྱུན་ལྷན་དང་རྒྱུན་ལས་ཚོགས་མིར་ནུས་པ་ལྡན་པའི་ལྟ་ཞིབ་གཏན་ནས་བྱ་ཐབས་མེད། དམར་ཤོག་རྒྱུན་ལྷན་གྱི་དབང་ཆའི་གྲུབ་ཆ་མ་བསྒྱུར་པ་ཡིན་ན། གནད་དོན་བརྩད་གཅོད་བྱེད་དཀའ་བ་དང་ལྟ་ཞིབ་མངོན་འགྱུར་ཡོང་ཐབས་མེད་པ་མ་ཟད། སྒྲིག་བཤེར་ལས་ཁུངས་ཀྱི་ལྟ་ཞིབ་འགན་ཁུར་ཡང་ལག་ལེན་བྱེད་དཀའ། དེའི་ནུས་པ་གཅིག་པུ་དེ་ཕྱིའི་རྣམ་པ་ཙམ་ལས་དོན་དངོས་སུ་ནུས་པ་ཐོན་ཐབས་ཁྱོན་ནས་མེད།

ལི་ཡུང་ཀྲུང་གིས་བརྗོད་རྒྱུར། “མཐོ་རིམ་དཔོན་རིགས་གཅིག་གནས་དབྱུང་བཏང་པ་དང་མིའི་དེའི་རྒྱུ་སྤུས་ཀྱི་གནད་དོན་ལ་འབྲེལ་བ་ཡོད་སྲིད་ཀྱང་། དཔོན་རིགས་བརྒྱ་བརྒལ་བ་གནས་དབྱུང་གཏོང་དགོས་བྱུང་པ་ནི་དབང་ཆའི་སྒྲོམ་གཞི་དང་གྲུབ་ཆའི་གནད་དོན་ཡིན། རྒྱུ་སྤུས་མི་བཟང་བ་དེའང་རང་བཞིན་གྱིས་རུལ་སུངས་ཀྱི་རྒྱུ་རྐྱེན་གཅིག་ཡིན་རུང་། དེའི་ཁྲོད་དབང་ཆ་སྒྲོམ་གཞི་ཡི་ནུས་པ་དེ་ཤུགས་རྐྱེན་ཆེ་ཤོས་སུ་གྱུར་ཡོད།

༢༠༡༥ ལོའི་ཟླ་༤ ཚེས་༢༣ ཉིན་གྱི་ཕྱི་དྲོར། ཝང་ཆི་ཧྲན་(དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་དབུས་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ་) གྱིས་ཀྲུང་ནན་ཧེ་རུ་ཆབ་སྲིད་མཚན་ཉིད་པ་Fukuyama གཙོས་པའི་ཉི་ཧོང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཆེད་མཁས་འགའ་དང་མཇལ་འཕྲད་བྱས་ཏེ། རུལ་རྒོལ་དང་བཅོས་སྒྱུར། ཁྲིམས་ཀྱི་དབང་སྒྱུར་བཅས་ཞིབ་ཕྲའི་གནད་དོན་ཐོག་གླེང་མོལ་བྱས།

ཝང་ཆི་ཧྲན་གྱིས་གླེང་མོལ་ཁྲོད་རང་ཉིད་ཀྱིས་རང་ཉིད་ལ་ལྟ་ཞིབ་བྱེད་པར་དཀའ་ཁག་ཆེ་བར་ཁས་བླངས། ཁོང་གིས་“ང་རང་ཉིད་ཀྱིས་ཀྱང་གནད་དོན་དེར་བསམ་བློ་གཏོང་བཞིན་ཡོད། གསོ་བ་རིག་པའི་ནང་རང་ཉིད་ཀྱིས་རང་ཉིད་གཤག་བཅོས་བྱེད་པའི་དཔེར་མཚོན་ཉག་གཅིག་ཡོད། དྲ་ལམ་ནས་དེའི་སྐོར་འཚོལ་བཤེར་བྱ་ཐུབ། ཨུ་རུ་སུའི་སི་བྷར་རི་ཡ་ས་ཁུལ་གྱི་གཤག་བཅོས་སྨན་པ་ཞིག་གིས་རང་ཉིད་ཀྱིས་རང་ཉིད་ལ་གཤག་བྱས་ཏེ་རྒྱུ་ལྷག་བཅད་པ་དང་། དེ་ནི་ནད་པའི་དཔེར་མཚོན་གཅིག་པུ་དེ་རེད། དེའི་ཕྱིར་རང་ཉིད་ཀྱི་རང་ཉིད་ཁ་སྐོང་དང་ལེགས་བཅོས་ནི་ཤིན་ཏུ་དཀའ་མོ་ཞིག་ཡིན་པ་གསལ་བསྟན་བྱས་ཡོད།”

དམར་ཤོག་ནང་ཁུལ་དུ་རང་ཉིད་ལ་དཔྱད་ཞིབ་བྱེད་མཁན་གྱི་མི་སྣ་གཅིག་རྗེས་གཉིས་མཐུད་དུ་བྱུང།

འདི་ལོའི་ཕྱི་ཟླ་༤ པའི་ཚེས་འགོར། རྒྱ་ནག་དམར་ཤོག་སྤྱི་ཚོགས་ཚན་རིག་གླིང་ཞིང་གྲོང་ཡར་རྒྱས་ཞིབ་འཇུག་ཁང་གི་སྤྱི་ཚོགས་གནད་དོན་ལྟེ་གནས་ཀྱི་འགན་འཛིན་ཡུ་ཅེ་རོང་གིས། ཀཱང་ཏོང་ཞིང་ཆེན་དམར་ཤོག་རྒྱུན་ལས་ཚོགས་མི་དང་ཀྲུ་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཅཱ་གནས་དབྱུང་བཏང་པའི་གནད་དོན་སྐོར་གླེང་སྐབས་ཐེ་ཚོམ་མེད་པའི་ངང་བཤད་རྒྱུར། “མི་དམངས་མང་ཚོགས་ཀྱིས་ལྟ་ཞིབ་མེད་པའི་དབང་ཆ་ཡིས་ཁོང་རང་ཉིད་ཀྱི་རང་ཉིད་ངོ་མི་ཤེས་པར་བཟོས་པ་དང་། རྒྱུ་མཚན་དེའི་ངོས་ནས་བཤད་པ་ཡིན་ན། ལི་ཅཱ་སོགས་ལམ་ལུགས་འདི་ལྟ་བུའི་འོག་གི་ཁེ་ཕན་ལེན་མཁན་ཡིན་ལ། ལམ་ལུགས་འདི་ལྟ་བུའི་གནོད་འཚེ་ཕོག་ཡུལ་ཡང་ཡིན།”

མཇུག་མཐར་ཡུ་ཅེ་རོང་གིས་རུལ་སུངས་ཀྱི་ལམ་དུ་འཁྲིད་མཁན་གྱི་ལམ་ལུགས་འདི་ལ་རྒྱ་ནག་དམར་ཤོག་གིས་རང་ཉིད་ལ་ཁ་ནང་བལྟས་ཀྱི་དཔྱད་ཞིབ་ཅིག་བྱ་དགོས་པའི་འབོད་སྐུལ་བྱས།

དེ་སྔར་རྒྱ་ནག་དབུས་དམར་ཤོག་སློབ་གླིང་གི་སློབ་སྦྱོང་དུས་བབ་གསར་ཁང་དུ་སྤྱི་ཁྱབ་རྩོམ་སྒྲིག་ལྟ་ཞིབ་པ་གཞོན་པའི་འགན་ཁུར་མྱོང་མཁན་ཡུ་ཝན་ཏིན་གྱིས། ཕྱི་ཟླ་༣ ཚེས་༢༨ ཉིན་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་<<ཆབ་སྲིད་བཅོས་སྒྱུར་སྐད་ཅིག་ཙམ་ཡང་འགོར་འགྱངས་གཏོང་མི་རུང་>>ཞེས་པའི་ནང་། “སྐམ་སར་ཉེ་ཆར་བྱུང་པའི་སྔོན་འགོག་སྨན་ཁབ་ཀྱི་གནད་དོན་ལས་མངོན་པ་ལྟར་ལམ་ལུགས་འདི་ད་ཆ་བཅོས་ཐབས་མེད་པར་གྱུར་ཟིན། ཕྱི་ཚུལ་ནས་བལྟས་ན་འདི་ནི་ལྟ་ཞིབ་ཀྱི་གནད་དོན་གཅིག་པུ་ལྟ་བུ་ཞིག་ཡིན་ནའང་། དོན་དངོས་སུ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཡིན་ཞིང་དོན་རྐྱེན་དེའི་རིགས་ལྷགས་པ་ནི། ལྟ་ཞིབ་དོ་ཏན་མ་བྱས་པར་བརྟེན་ནས་བྱུང་པ་ཞིག་གཏན་ནས་མ་ཡིན་པར། ལམ་ལུགས་འདི་ལ་བརྟེན་ནས་བྱུང་པ་ཞིག་ཡིན། དེར་བརྟེན། བཅོས་སྒྱུར་གཏོང་དགོས་ས་དེ་ལྟ་ཞིབ་ཁོ་ན་མ་ཡིན་པར་ལམ་ལུགས་ཀྱི་སྒྲོམ་གཞི་ཨ་མའམ་གྲུབ་ཆ་གཙོ་བོ་ཆགས་ཡོད་ལ། གནད་དོན་ཆུ་ཚགས་རེ་གཉིས་ཀྱི་ཐོག་ཏུ་ཚ་ཚ་འུར་འུར་བྱེད་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད་པར། གནད་དོན་གྱི་རྩ་བ་ནས་བཅོས་སྒྱུར་བྱེད་དགོས་ཤིང་དེ་ནི་ཆབ་སྲིད་ཀྱི་གདན་དོན་དུ་གྱུར་ཡོད།”

མང་ཚོགས་ཀྱིས་རྒྱ་དམར་ལ་ལེ་གདའ་སྐད་ཅིག་ཙམ་ལའང་མཚམས་འཇོག་མ་མྱོང་།

འདི་ལོ་ནས་བཟུང་“སྔོན་འགོག་སྨན་ཁབ་ཀྱི་གནད་དོན་”དང་“མགྲོན་ཁང་དུ་བུད་མེད་གཅིག་ལ་གནོད་འཚེ།” “ཕྱི་འཚོང་སྒོ་ཁྲལ་གྱི་ལམ་ལུགས་གསར་པ།” སོགས་མི་མང་གི་འཚོ་གནས་དང་འབྲེལ་བའི་གནད་དོན་དེ་དག་རེ་རེ་ལ་མང་ཚོགས་ཀྱིས་ཚོར་ཤུགས་དྲག་པོ་བསྟན་ཡོད་ཅིང་། རྒྱ་དམར་ལ་ལེ་གདའ་ཡི་སྐད་སྒྲ་ཐེངས་གཅིག་ལས་གཅིག་མཐོར་འགྲོ་བཞིན་ཡོད།

ཉེ་ཆར། བུད་མེད་ཅིག་ལ་པེ་ཅིང་དུ་ཡོད་པའི་མགྲོན་ཁང་ཞིག་གི་བར་འཁྱམས་སུ་རྒྱུས་མེད་ཀྱི་སྐྱེས་པ་ཞིག་གིས་བཙན་དབང་གཏོང་གྲབས་བྱས་པའི་གནད་དོན་དེར་མང་ཚོགས་ཀྱིས་དོ་སྣང་ཤུགས་དྲག་བྱས་པ་དང་། ཉིན་ཞག་གཅིག་གི་དུས་ཡུན་ཐུང་ངུ་ཞིག་གི་ནང་། གནས་ཚུལ་དེའི་སྐོར་ལྟ་ཀློག་གྲངས་དུང་ཕྱུར་༡༣ ལྷག་ལ་སླེབས་ཤིང་དྲ་ལམ་དང་སྐད་འཕྲིན། པོད་ཕྲན་སོགས་སུ་བསྟུད་མར་ཆུ་ཚོད་བཅུ་གྲངས་ནང་གནས་ཚུལ་ཁྱབ་ཆེ་ཤོས་སུ་གྱུར། དྲ་ཉུལ་བ་གཅིག་གིས་“རྒྱལ་ས་པེ་ཅིང་གི་ཉེན་རྟོག་ཁང་དུའང་གནས་ཚུལ་དེའི་རིགས་ལྷགས་བཞིན་པས། སྤྱི་ཚོགས་འདི་དང་རྒྱལ་ཁབ་འདི་སྐྱོབ་ཐབས་མེད་”སྐོར་བྲིས།

ཟླ་༤ ཚེས་༧ ཉིན་ཆབ་སྲིད་དཔྱད་བརྗོད་པ་ཏོང་པུ་ལའེ་ཡིས་ཤར་ཕྱོགས་དྲ་བའི་སྟེང་དཔྱད་བརྗོད་ཀྱི་རྩོམ་ཡིག་སྤེལ་ཡོད་པའི་ནང་། བལྟས་ཚོད་ལ་གནས་ཚུལ་དེའི་རིགས་ནི་སྤྱི་ཚོགས་ཀྱི་གསར་འགྱུར་ཞིག་དང་། མི་མང་གི་སྤྱིར་བཏང་འཚོ་བའི་ནང་གི་གླེང་གཞི་ཡིན་པའི་བཟོ་འདྲ་བོ་ཞིག་ཡིན་ནའང་། དོན་དངོས་ཐོག་སྔར་བཞིན་ཆབ་སྲིད་ཀྱི་གནད་དོན་ཕྱིར་མངོན་པ་ཡིན་ཞེས་བརྗོད།

རྩོམ་ཡིག་གི་མཇུག་མཐར་བརྗོད་རྒྱུར། འབྲེལ་ཡོད་སྡེ་ཁག་གིས་མངོན་གསལ་དོད་པོའི་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་བརྗོད་གཞི་བཀག་སྡོམ་བྱ་ཐུབ་ཀྱི་ཡོད་སྲིད་ཀྱང་། མི་མང་གི་འཚོ་བ་དང་སྤྱི་ཚོགས་ཀྱི་གསར་འགྱུར་བཀག་སྡོམ་བྱ་ཐབས་མེད་པར། རུལ་སུངས་ཀྱི་ལམ་ལུགས་འདིའི་རྔ་མ་སྔར་བཞིན་དུས་ལྟར་ཕྱིར་མངོན་རྒྱུ་ཡིན་པ་ཐེ་ཚོམ་མེད།”

དེ་དང་དུས་མཚུངས་ཆོས་འཁོར་སྒོམ་སྒྲུབ་སློབ་མས་རྒྱལ་ཕྱི་ནང་གང་སར་རྒྱ་གཞུང་གིས་གནོན་འཚེ་བཏང་བའི་དོན་དངོས་གསལ་བཤད་བྱེད་བཞིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཐེར་འདོན་བྱས་ཏེ། ཅང་ཙེ་མེན་གཙོས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཤིན་ཏུ་མང་པོ་ཞིག་གི་ནག་ཉེས་རྒྱལ་སྤྱིའི་ཁྲིམས་ཁང་ཞུ་གཏུག་བྱས་ཡོད། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དམར་ཤོག་གི་དབང་པོ་གསོན་ལེན་གྱི་ནག་ཉེས་ལ་ངོ་རྒོལ་གྱི་འབོད་སྒྲ་ཆེ་ནས་ཆེ་རུ་འགྲོ་བཞིན་པ་དེས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།