རྒྱ་ནག་གི་ད་ལྟའི་ལམ་ལུགས་ལ་མི་འདོད་པའི་འཕྲེད་དར་གསུམ་དཔྱངས་ཏེ་ངོ་རྒོལ་བྱས་འདུག

རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཁྲིན་ཏུའི་ཟམ་པ་ཞིག་གི་ཐོག་ནས་ཆབ་སྲིད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་མ་བྱས་ན་མི་རིགས་བསྐྱར་དར་མེད་ཅེས་དང་། མི་དམངས་ལ་དབང་ཆ་ཚད་མེད་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་མི་དགོས། རྒྱ་ནག་ལ་སུས་ཀྱང་ཁ་ཕྱོགས་སྟོན་མི་དགོས། དམངས་གཙོ་ནི་ཁ་ཕྱོགས་ཡིན་ཞེས་བྲིས་ཡོད་པའི་འཕྲེད་དར་གསུམ་དཔྱངས་པའི་གནས་ཚུལ་ཐོན་འདུག

པར། RFA

ཟླ་འདིའི་ཚེས་༡༥ ཉིན། གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་མིག་དམར་གྱི་སྔ་དྲོར། རྒྱ་ནག་གི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཁྲིན་ཏུ་ཡི་ཟམ་པ་ཞིག་གི་སྟེང་ནས་འཕྲེད་དར་གསུམ་དཔྱངས་ཡོད་པ་དང་།

འཕྲེད་དར་གསུམ་གྱི་སྟེང་དུ་ཆབ་སྲིད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་མ་བྱས་ན་མི་རིགས་བསྐྱར་དར་མེད་ཅེས་དང་། དབང་ཆ་ཚད་མེད་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་མི་དམངས་ལ་མི་དགོས། རྒྱ་ནག་ལ་སུས་ཀྱང་ཁ་ཕྱོགས་སྟོན་མི་དགོས། དམངས་གཙོ་ནི་ཁ་ཕྱོགས་ཡིན་ཞེས་བྲིས་ཡོད་འདུག

པར་རིས་དེ་དག་ཐོག་མར་རྗེས་འབྲང་པ་ས་ཡ་༡།༩ ལྷག་ཡོད་པའི་དྲྭ་མིང་ལ་༼སྐུ་ཞབས་ལི་ནི་ཁྱེད་ཀྱི་དགེ་རྒན་མ་རེད་ཅེས་༽ཟེར་བ་ཞིག་གིས་ཨིག་སི་དྲྭ་ཐོག་ཏུ་སྤེལ་ཡོད་པ་དང་། ཁོང་གིས་བརྗོད་གསལ་ལྟར་ན། པར་སྐུར་མཁན་གྱིས་འབོད་ཚིག་དེ་དག་ལོ་ངོ་གཅིག་ལྷག་གི་རིང་གྲ་སྒྲིག་བྱས་ཡོད་པ་མ་ཟད། ཁོང་གི་རྗེས་འབྲང་པ་ས་ཡ་གཅིག་ལྷག་གིས་ཁོའི་འབོད་ཚིག་དག་ཁྱབ་གདལ་གཏོང་བར་རོགས་པ་བྱེད་པའི་རེ་བ་བྱས་ཡོད་འདུག་པ་དང་། རེས་གཟའ་མིག་དམར་གྱི་ཕྱི་དྲོ་ལ་སླེབ་དུས། ཁོང་དང་པར་སྐུར་མཁན་བར་འབྲེལ་བ་ཆད་ནས་ཆུ་ཚོད་༡༣ ལྷག་ཕྱིན་ཡོད་འདུག

ཕྱི་ལོ་༢༠༢༢ ལོར་ཕེང་ལི་ཧྥ་ཟེར་བ་ཞིག་གིས་རྒྱ་ནག་གི་འགྲིམ་འགྲུལ་གྱི་བྲེལ་ཟིང་ཆེ་བའི་སི་ཐུང་(Sitong) ཟམ་ཆེན་ཐོག་ཏུ་འཕྲེད་དར་དཔྱངས་ནས་ལས་འགུལ་སྤེལ་རྗེས། རྒྱ་ནག་གི་གྲོང་ཁྱེར་ཁ་ཤས་ནང་མང་ཚོགས་བརྒྱ་ཕྲག་མང་པོ་མཉམ་ཞུགས་ཀྱིས་ཤོག་བུ་དཀར་པོའི་ལས་འགུལ་དེ་སྤེལ་བའི་གནས་ཚུལ་བྱུང་ཡང་།

ཐེངས་འདིའི་ཟམ་ཐོག་ཏུ་འཕྲེད་དར་དཔྱངས་པའི་གནས་ཚུལ་ཐོན་རྗེས། དེའི་སྐུལ་མའི་འོག་ཁྲོམ་གཞུང་ཁག་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མ་བྱུང་རུང། པར་རིས་རྣམས་དྲྭ་ཐོག་ཏུ་ཁྱབ་ཅིང་མི་མང་པོས་དེའི་སྐོར་གླེང་སློང་སྣ་ཚོགས་བྱས་ནས་ཟང་ཟིང་ཆེན་པོ་བྱུང་ཞིང་། ལྷག་པར་དུ་སྐད་འཕྲིན་ནང་བརྒྱུད་སྤེལ་བྱེད་སྐབས་དྲྭ་རྒྱ་སྟངས་འཛིན་བྱེད་མཁན་གྱིས་མྱུར་དུ་བཀག་སྡོམ་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོས་པར་རིས་དེ་དག་གིས་རྒྱ་ནག་གི་སྤྱི་ཚོགས་ནང་ཁྱབ་ཆེ་བའི་སྲིད་དོན་མི་འདོད་པ་དང་། འགྱུར་བ་གཏོང་འདོད་ཀྱི་སེམས་ཁམས་མཚོན་པར་བརྗོད་འདུག དེ་སྔར་རྒྱ་ནག་གི་ཉེན་རྟོག་པ་དང་། ལོ་གཉིས་ཀྱི་སྔོན། ཨ་རི་ལ་གནས་སྤོ་བྱེད་མཁན་(Guo Min) ཞེས་ཆབ་སྲིད་འཐབ་རྩོད་པ་ཞིག་གིས། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་།རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག དམངས་གཙོའི་དགོས་འདུན་འདོན་མཁན་མང་པོ་བྱུང་ཡོད་པ་དང་། མི་མང་གི་སྐད་ཤུགས་ཇི་ལྟར་ཆུང་ཡང་། མུན་པ་གཅོད་ཅིང་འོད་སྣང་ལ་སྨོན་པའི་འབོད་སྒྲ་ཆད་མེད་པ་རེད་ཅེས་བརྗོད་འདུག

ཁྲིེན་ཏུ་ལ་གནས་སྡོད་བྱེད་མཁན་དང་། བདེ་འཇགས་ཀྱི་དོན་དུ་མིང་བརྗོད་འདོད་མེད་པའི་འཐབ་རྩོད་པ་ཞིག་གིས་འཕྲེད་དར་དཔྱངས་པའི་དོན་རྐྱེན་དེས་རྒྱ་ནག་གི་ལམ་ལུགས་ལ་མི་འདོད་པ་མཚོན་པ་མ་ཟད། མི་མང་གི་ད་ལྟའི་འཚོ་བའི་གནས་སྟངས་ལ་ཧ་ཅང་ཡིད་ཐང་ཆད་ཡོད་པ་མཚོན་གྱི་ཡོད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།