རྒྱ་ནག་གི་དངུལ་བླངས་ནས་བོད་དོན་འཁྱོག་བརྗོད་བྱེད་མཁན་གྱི་གསར་འགོད་པ་དེ་བསྐྱར་དུ་འཛིན་བཟུང་བྱས་འདུག 

རྒྱ་ནག་གི་དངུལ་བླངས་ཏེ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་རྫུན་མ་སྤེལ་མྱོང་བའི་རྒྱ་གར་གྱི་གསར་འགོད་པ་རཱ་ཇི་ཝེ་ཤར་མ་(Rajeev Sharma) བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག 

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གཞུང་གི་དཔལ་འབྱོར་ཉེས་ཞིབ་ལས་ཁུངས་(Enforcement Directorate) ཀྱིས་ཕྱི་ཟླ་ ༧ ཚེས་ ༡ ཉིན་རང་དབང་ཅན་གྱི་གསར་འགོད་པ་རཱ་ཇི་ཝེ་ཤར་མ་(Rajeev Sharma) འཛིན་བཟུང་བྱས་ཡོད་འདུག་ཅིང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ལ་རྒྱ་ནག་གི་ལག་ནས་དངུལ་ཕོན་ཆེན་བླངས་ཡོད་པས་ཡིན་འདུག 

རྒྱ་གར་གྱི་གསར་འགོད་པ་དེ་ན་ནིང་ཕྱི་ཟླ་ ༩ པའི་ནང་རྒྱལ་ས་ལྡིའི་ཉེན་རྟོག་པས་འཛིན་བཟུང་དང་སྔོག་བཤེར་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་ཁོའི་ལག་ཏུ་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བའི་གསང་བའི་ཡིག་ཆ་ཁག་ཅིག་དང་། དེ་བཞིན་ཕྱི་འབྲེལ་སྲིད་བྱུས་དང་། ༧གོང་ས་མཆོག་གི་སྐོར། བོད་དང་རྒྱ་གར་གྱི་ས་མཚམས་ཐོག་ཏུ་དམག་མི་སྒྲིག་འཇོག་དང་ལས་དོན་ཐོག་གི་གསང་བའི་ཡིག་ཆ་སྣ་ཚོགས་རྙེད་སོན་བྱུང་སྐོར་བསྒྲགས་ཡོད། 

ཡིན་ན་ཡང་། ཁོང་ཟླ་བ་གཉིས་ཀྱི་རྗེས་ཏེ་ཕྱི་ཟླ་ ༡༢ ནང་དུ་ཁག་ཐེག་ཡོད་པའི་ཐོག་(bail out) ནས་གློད་གྲོལ་བཏང་ཡོད་འདུག་ན་ཡང་། ད་ཐེངས་བསྐྱར་དུ་དཔལ་འབྱོར་ཉེས་ཞིབ་ལས་ཁུངས་ནས་འཛིན་བཟུང་བྱས་པ་དང་། ཁྲིམས་ཁང་ནས་ཁོ་ལ་འདྲི་གཅོད་བྱེད་པའི་དུས་ཚོད་བདུན་ཕྲག་གཅིག་བྱིན་ཡོད་འདུག 

དཔལ་འབྱོར་ཉེས་ཞིབ་ལས་ཁུངས་ནས་ཞིབ་འཇུག་བྱས་པ་ལྟར་ན། ལོ་ན་ ༦༢ ལ་སོན་པའི་རཱ་ཇི་ཝེ་ཤར་མ་ཡིས་རྒྱ་ནག་གི་ལག་ནས་དངུལ་སྒོར་བླངས་ཏེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བའི་གསང་བའི་ཡིག་ཆ་རྣམས་རྒྱ་ནག་ལ་སྤྲད་པས། རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པའི་ལས་དོན་བསྒྲུབས་ཡོད་འདུག

གཞན་ཡང་། གསར་འགོད་པ་ཁོ་དང་། ད་ལྟ་ཤེས་རྟོགས་ཐུབ་མེད་པའི་མི་གཞན་རྣམས་ལ་སྤྲད་པའི་སྒོར་མོ་དག་རྒྱ་མི་ཀྲང་ཆན་(མིང་གཞན་ལ་Suraj) དང་། ཀྲང་ཤིན་(མིང་གཞན་ལ་Usha) ཟེར་བ་གཉིས་དང་། བལ་ཡུལ་གྱི་མི་ཤར་སིན་(མིང་གཞན་ལ་ Raj Bohara) གསུམ་གྱིས་མཉམ་འབྲེལ་ཐོག་ནས་རྒྱལ་ས་ལྡི་ལིར་གཉེར་བཞིན་པའི་བཟོ་ཚོང་ཁང་རྫུན་མ་འགའི་ལག་ནས་བརྒྱུད་སྤྲོད་བྱས་པའི་ཡིན་སྐོར་བཤད་འདུག

གསར་འགོད་པ་དེས་སྔོན་ཆད་༧གོང་ས་མཆོག་ལ་འབྲས་ནད་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་ཡོད་པ་མ་ཟད། ༧གོང་ས་མཆོག་དང་སྐབས་དེའི་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱི་བར་དུ་འགལ་ཟླ་ཡོད་སྐོར་གྱི་གནས་ཚུལ་སྤེལ་རྐྱེན། བོད་མིའི་སྒྲིག་འཛུགས་ནས་གནས་ཚུལ་དེ་ནི་རྫུན་མ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེའི་ཐོག་ཁོང་གིས་༧གོང་ས་མཆོག་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་མཁན་ཡིན་ཚུལ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བརྒྱུད་ལམ་ཁག་ཏུག་སྤེལ་ཡོད་པ་རེད་འདུག 

རྒྱ་གར་གྱི་བརྒྱུད་ལམ་(Zee News) ཐོག་ཏུ་ཁོས་རྒྱ་ནག་ལ་རྒྱབ་སྐྱོར་རམ་རྒྱ་ནག་གི་རྣམ་པ་བཟང་ཏུ་གཏོང་བའི་གནས་ཚུལ་མང་པོ་ཞིག་སྤེལ་ཡོད་སྐོར་བརྗོད་འདུག འོན་ཀྱང་རྒྱ་གར་གྱི་གསར་འགོད་མཐུན་ཚོགས་(press club of India) ཀྱིས། གསར་འགོད་པ་འཛིན་བཟུང་བྱས་པ་ཁོང་ནི་མི་མང་པོས་ངོ་ཤེས་ཀྱི་ཡོད་པའི་གསར་འགོད་པ་རྙིང་པ་ཞིག་ཡིན་པ་དང་། རྒྱ་གར་གྱི་ཉེན་རྟོག་པའི་བསྒྲགས་གཏམ་ལ་གཞིགས་ན། དེ་ནི་ཐུབ་ཚོད་བཏང་བ་ཞིག་ཡིན་པ་དང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་དོགས་གཞི་ཡིན་པ། གནད་དོན་གཉིས་དཔེ་མཚོན་བླངས་ནས་དེ་སྔོན་གསར་འགོད་པ་གཉིས་ལ་ཉེན་རྟོག་པས་གསང་མྱུལ་ཡིན་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་ཀྱང་། རྗེས་སུ་བདེན་པ་མིན་པ་ར་འཕྲོད་བྱུང་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།