རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་སེམས་ནད་ཡོད་མཁན་མང་འདུ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དང་སེམས་ནང་དཀའ་ངལ་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན། མི་ཚོགས་ནང་རླངས་འཁོར་གང་བྱུང་དུ་གཏོང་བ་དང་གྲི་གང་ཐེབས་སུ་བཙུགས་ནས་མི་གསོད་ཀྱི་དོན་རྐྱེན་མང་པོ་བྱུང་དང་འབྱུང་བཞིན་འདུག
ཟླ་འདིའི་ཚེས་༡༡ ཉིན་རྒྱ་ནག་གི་གྲོང་ཁྱེར་ཀྲུའུ་ཧའེ་(Zhuhai) རུ་བཟའ་ཚང་ཁ་བྲལ་གྱི་གྱོད་དོན་ཐག་གཅོད་ལ་འདོད་བློ་མ་ཁེངས་པའི་རྒྱུ་མཚན་གྱིས་ལོ་ན་༦༢ ལ་སོན་པའི་སྐྱེས་པ་ཞིག་གིས་མི་ཚོགས་ཁྲོད་མོ་ཊ་གང་བྱུང་དུ་བཏང་ནས་མི་༣༥ བསད་ཅིང་༤༣ ལ་རྨས་སྐྱོན་བཏང་ནས་རྒྱ་ནག་གི་ཉེ་བའི་ལོ་ཤས་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཆེ་ཤོས་སུ་གྱུར།
ཟླ་འདིའི་ཚེས་༡༧ ཉིན་ཝུའུ་ཞིས་(Wuxi) ཞེས་པའི་ས་གནས་སུ། ལོ་ན་༢༡ ཡིན་པའི་སློབ་མ་ཟུར་པ་ཞིག་གིས་ལག་ཤེས་སློབ་གྲྭ་ཞིག་གིི་ནང་མི་གང་བྱུང་ལ་གྲི་བཙུགས་ནས་མི་བརྒྱད་བསད་པ་དང་བཅུ་བདུན་ལ་རྨས་སྐྱོན་བཏང་། ཟླ་འདིའི་ཚེས་༡༩ ཉིན་སྐྱེས་པ་ཞིག་གིས་སྔོན་འགྲོའི་སློབ་གྲྭའི་ཉེ་འགྲམ་དུ་སློབ་མ་ཡོད་སར་རླངས་འཁོར་གང་བྱུང་བཏང་ནས་མི་གྲངས་བཅུ་ཙམ་ལ་རྨས་སྐྱོན་བཏང་ཡོད་འདུག འདས་པའི་བདུན་ཕྲག་གཉིས་ཙམ་གྱི་རིང་རྒྱ་ནག་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་དག་བྱུང་ཞིང་། རྒྱལ་སྤྱིའི་ནང་རྒྱ་ནག་ནང་གི་བདེ་འཇགས་ལ་དོགས་པ་ཟ་མཁན་མང་དུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་བྱེད་མཁན་མང་འགྲོ་བཞིན་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་འཕར་ཚད་དལ་དུ་ཕྱིན་པ་དང་བསྟུན། ལས་ཀའི་གོ་སྐབས་ཉུང་ཞིང་ངེས་གཏན་མེད་པ་གྱུར་པ་དང་། དཔལ་འབྱོར་ཉམས་རྒུད་ཀྱིས་མི་མང་གི་སེམས་ཁམས་ལ་ཐེབས་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པར་བརྗོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱེད་མཁན་སེམས་ཁམས་བཅོས་ཐབས་ཀྱི་སྨན་པ་ཞའོ་ཅི་ཆིན་(Xiaojie Qin) ཟེར་བ་ཞིག་གིས་སྤྱི་ཚོགས་ནང་དྲང་བདེན་མེད་པའི་ཚོར་སྣང་ཆེན་པོ་ཁྱབ་གདལ་ཧ་ཅང་འགྲོ་བཞིན་པའི་གནས་སྟངས་འོག་ངོ་མི་ཤེས་པའི་མི་ལ་དྲག་སྤྱོད་དམ། འཚེ་བའི་ལས་བྱེད་སྲིད་ཅེས་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐོག་ནས་གནས་བབ་དམའ་བའི་མི་རྣམས་ཀྱིས་རང་ཉིད་ལ་དྲང་བདེན་མི་འདུག་སྙམ་པའི་ཚོར་སྣང་སྐྱེ་གི་ཡོད་པ་དང་། མི་ཚོས་སེམས་ཚོར་སྟངས་འཛིན་བྱེད་མ་ཐུབ་པའི་སྐབས་སུ། ཁོང་ཁྲོ་ལངས་པ་དང་མཚམས་རེར་འཚེ་བའི་ལས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
རྒྱ་གཞུང་གིས་སྤེལ་བའི་དྲག་སྤྱོད་དང་འབྲེལ་བའི་གནས་ཚུལ་གྱི་གྲངས་འབོར་ལ་བལྟས་ན། རྒྱ་ནག་ནང་དྲག་སྤྱོད་དང་མི་གསོད་ཁྲག་སྦྱོར་གྱི་གནད་དོན་གྱི་གྲངས་ཚད་ཧ་ཅང་དམའ་བས་འཛམ་གླིང་གི་ཆ་སྙོམས་ལས་ཀྱང་དམའ་ན་ཡང་། ཉེ་ཆར་བྱུང་བའི་མི་གསོད་ཁྲག་སྦྱོར་གྱི་གནད་དོན་དག་གིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་མི་མང་གི་བདེ་འཇགས་ལ་དོགས་པ་ཟ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
ཧྥུ་ཏན་(Fudan) སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཆིའུ་ཝེ་ཀུ་(Qu weiguo) ཡིས་ཉེ་དུས་རྒྱ་ནག་ནང་བྱུང་བའི་དྲག་སྤྱོད་དམ། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཁག་ལ་ཐུན་མོང་གི་ཁྱད་པར་ཞིག་ཡོད་པ་ནི། སེམས་ཁམས་མི་བདེ་བ་དང་སེམས་ལ་དཀའ་ངལ་ཡོད་མཁན། མང་པོ་ཞིག་གིས་རང་ཉིད་ལ་དྲང་བདེན་མ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྐད་ཆ་ཤོད་ས་མེད་པའི་ཚོར་བ་བཅས་ཀྱི་ཁྱད་པར་ཡོད་པ་དང་།
མི་དེ་དག་ལ་སློབ་སྟོན་དང་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་ཐུབ་པ་དང་། སེམས་ཁམས་བདེ་ཐང་གི་ཞབས་ཞུ་མ་ཐོབ་པར་བརྟེན། མི་མང་པོ་ཞིག་ཡིད་ཐང་ཆད་དེ་དྲག་སྤྱོད་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་སྒེར་གྱི་ཁེ་ཕན་ལས་ཚོགས་པ་དང་གཞུང་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་དུ་འཛིན་པའི་དབང་གིས་ཡིད་ཆེས་བྱེད་རུང་བའི་ཁྲིམས་ཁང་ཞིག་མེད་པར་བརྟེན། དྲག་སྤྱོད་ཀྱི་ལས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
སེམས་ཁམས་རིག་པ་བ་སཱ་མི་ཝོང་(Sami Wong) གིས། ཉེ་བའི་ལོ་ཤས་ནང་། ཏོག་དབྱིབས་གཉན་རིམས་སོགས་ལ་བརྟེན་ནས་རྒྱ་ནག་ནང་སེམས་ཁམས་དཀའ་ངལ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ནང་ཆེད་ལས་སྨན་པ(སེམས་ཁམས་རིག་པ་བ།) ་མང་པོ་ཡོད་ན་ཡང་། མི་རྣམས་ཀྱིས་སེམས་ཁམས་དཀའ་ངལ་ལ་མཐོང་ཚུལ་ངན་པ་ཞིག་ཡོད་པར་བརྟེན། ཐོན་ཁུངས་ཡོད་ཀྱང་དེ་དག་བེད་སྤྱོད་གཏོང་རྒྱུར་ཐེ་ཚོམ་བྱེད་ཀྱི་འདུག་ཅེས་བརྗོད་འདུག
རྒྱ་གར་གྱི་Firstpostཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པར་བརྟེན། གཞོན་སྐྱེས་མང་པོ་ལས་མེད་ལྷག་པ་དང་། ཁང་གླ་ཆེ་རུ་ཕྱིན་པ་དང་ཕྲུ་གུ་གསོ་སྐྱོང་གི་འགྲོ་སོང་ཆེ་བ། མི་མང་པོ་ཞིག་ལ་དེ་སྔར་འཕྲད་མ་མྱོང་བའི་དཀའ་ངལ་མང་དག་ཅིག་མྱོང་གི་ཡོད་པ། དཔལ་འབྱོར་ཉམས་རྒུད་དེ་དཔལ་འབྱོར་ཙམ་མིན་པར། སྤྱི་ཚོགས་དང་ཆབ་སྲིད་སྲ་བརྟན་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།