རྒྱ་ནག་གི་དམག་དཔོན་མཐོ་གྲས་ཤིག་མི་མང་གི་མཐོང་ལམ་དུ་མེད་པར་གྱུར་འདུག

རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་མིང་འོག་ནས་འགོ་ཁྲིད་མང་པོ་ཞིག་གར་སོང་ཆ་མེད་དང་། མང་པོ་ཞིག་ཏང་གི་སྒྲིག་ཁྲིམས་འགལ་བ་དང་ལྐོག་ཟ་རུལ་སུངས་བྱས་ཡོད་ཚུལ་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་བཞིན། ད་ཆར་དམག་དཔོན་མཐོ་གྲས་ཤིག་མི་མང་གི་མཐོང་ལམ་དུ་མེད་པར་གྱུར་ཡོད་འདུག་པར་བརྟེན། དམག་དཔོན་དེ་ཡང་མེད་པ་བཟོས་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༨ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་ཡོད་པ་ཞིག་ལ། རྒྱ་ནག་གི་དམག་དཔོན་མཐོ་གྲས་(He Weidong)ཧི་ཝེ་ཏུང་ཟེར་བ་དེ་འདས་པའི་བདུན་ཕྲག་འགའ་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དུའམ་མི་མང་གི་མཐོང་ལམ་དུ་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག་ཅིང་། དེ་སྔོན་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་མཉམ་དུ་མཐོ་རིམ་དམག་དཔོན་དང་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཡོད་འདུག་ཀྱང་། དམག་དཔོན་དེ་(CCTV)ཡིས་གནས་ཚུལ་བཏོན་པ་ནས་མཐོང་རྒྱུ་མེད་པར་གྱུར་པ་ཡིན་འདུག ཁོ་མཐོང་རྒྱུ་མེད་པར་གྱུར་བ་དེ་ལ་གླེང་སློང་མང་པོ་ཡོང་བཞིན་ཡོད་འདུག་ཀྱང་། རྒྱ་ནག་གཞུང་ངོས་ནས་ད་བར་ལན་འདེབས་དང་གསལ་བཤད་གང་ཡང་བྱས་ཡོད་མི་འདུག དམག་དཔོན་He Weidong་ཟེར་བ་དེ་རྒྱ་ནག་གི་དམག་སྡེ་ལྷན་ཁང་(Central Military Commission )གི་ཚོགས་གཙོ་གཞོན་པ་ཡིན་འདུག་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་༢༤ཁོངས་ནས་གཅིག་ཡིན་འདུག མི་དེ་མི་མང་གི་མཐོང་ལམ་དུ་ཕྱི་ཟླ་༣ པའི་ཚེས་༡༡ ཉིན་མངོན་ཡོད་འདུག་ཀྱང་། དེ་རྗེས་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག 

དམག་དཔོན་དེ་གོང་གསལ་གྱི་ཚོགས་འདུ་གཅིག་པུ་མིན་པར། བདུན་ཕྲག་འགའ་ཤས་སྔོན་དུ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཚོགས་འདུ་དང་། ལས་དོན་མང་པོ་ཞིག་ནང་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག ཕྱི་ཟླ་༤ ཚེས་༩ ཉིན་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་དུ་གཞུང་འབྲེལ་ཚོགས་འདུ་འཚོགས་ཡོད་འདུག་ཀྱང་། དམག་དཔོན་དེ་མཐོང་རྒྱུ་ཡོད་མི་འདུག ཨ་རིའི་རྒྱལ་སར་(DC)ཡོད་པའི་(Georgetown University)ཇོར་ཇི་ཊོན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་(Dennis Wilder)ཟེར་བ་དེས། (He Weidong)ཟེར་བའི་དམག་དཔོན་དེ་མཐོང་རྒྱུ་མེད་པར་གྱུར་པ་དང་། ཟླ་བ་འགའ་ཤས་སྔོན་ནས་རྒྱ་ནག་གི་དམག་སྡེ་ནས་ཕྱིར་འཕུད་བཏང་བ་དེས་རྒྱ་ནག་གི་དམག་སྡེའི་སྐོར་ལ་ལན་མེད་པའི་དྲི་བ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པར་བརྗོད་འདུག

(Study Times)ཟེར་བའི་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་ཟུར་པ་(Deng Yuwen)ཏིང་ཡུ་ཝན་ཟེར་བ་དེས། དམག་དཔོན་དེ་མེད་པ་གྱུར་བ་ཡིས་རྒྱ་ནག་གི་ཆབ་སྲིད་ཁྲོད་འགྱུར་ལྡོག་ཆེན་པོ་ཡོང་རྒྱུ་ཁག་པོ་ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕེང་གིས་ཧ་ཅང་དམ་དྲག་ཆེན་པོ་ཐོག་ནས་སྲིད་དབང་འཛིན་གྱི་ཡོད་པས། དམག་དཔོན་དེའི་ཚབ་ལ་གཞན་ཞིག་བསྐོ་ཡི་རེད་ཅེས་བརྗོད་འདུག དམག་དཔོན་དེ་རྒྱ་ནག་གི་(Jiangsu)་ཅང་སུའུ་ཞིང་ཆེན་ནས་ཡིན་འདུག་ཅིང་། ཕྱི་ལོ་༡༩༨༡ ལོར་རྒྱ་ནག་གི་དམག་གི་སློབ་གྲྭ་ཞིག་ནས་ཐོན་ཡོད་འདུག ཕྱི་ལོ་༢༠༠༡ ལོར་རྒྱ་ནག་གི་བདེ་སྲུང་འཕྲུལ་རིགས་མཐོ་སློབ་གཅིག་ནས་སློབ་མཐར་ཕྱིན་ནས་འདས་པའི་ལོ་༣༠ རིང་རྒྱ་ནག་གི་དམག་སྡེའི་ཁྲོད་ནས་ལས་གནས་འདྲ་མིན་ཐོག་ལས་ཀ་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༣ ལོར་(Jiangsu)ཅང་སུའུ་ཞིང་ཆེན་གྱི་དམག་སྡེ་ཞིག་གི་དམག་དཔོན་དུ་བསྐོས་ཡོད་འདུག རིམ་པས་རྒྱ་ནག་གི་དམག་སྡེ་འདྲ་མིན་གྱི་དམག་དཔོན་དང་དྲུང་ཆེ་བྱས་ནས་ད་ལྟ་རྒྱ་ནག་དམག་སྡེ་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཡིན་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།