རྒྱ་ནག་གི་དམག་སྤྱི་ཆེན་མོ་གཞོན་པ་ཁྲིམས་ལ་སྐྱེལ་འདུག

ལོ་གཅིག་སྔོན་ལས་ཁྱུར་ངལ་གསོ་བྱས་ཟིན་པའི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་དམག་སྤྱི་ཆེན་མོ་གཞོན་པ་ཞུའུ་ཚེ་ཧུག་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་འོག  དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་བཏང་སྟེ་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ པའི་ཚེས་༣༠ ཉིན་རྒྱ་ནག་དམར་ཤོག་དབུས་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་གིས་གཙོ་སྐྱོང་འོག་ཆབ་སྲིད་(ཅུས) ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ། དབུས་དམག་རྒྱུན་སྒྲིག་བཤེར་ལྷན་ཚོགས་ཀྱི་<<ཞུའུ་ཚེ་ཧུག་དང་འབྲེལ་བའི་ཚབས་ཆེའི་སྒྲིག་འགལ་གྱི་གནད་དོན་བརྟག་ཞིབ་སྙན་ཐོ>> ལ་ཉན་ཞིབ་བྱས་པ་མ་ཟད། <<རྒྱ་ནག་དམར་ཤོག་རྩ་ཁྲིམས་>> དང་<<རྒྱ་ནག་དམར་ཤོག་སྒྲིག་གཞིའི་ཁྲིམས་ཆད་གཏན་འབེབས་>>གཞིར་བཟུང་། ཞུའུ་ཚེ་ཧུག་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་གཏོང་རྒྱུའི་ཐག་གཅོད་བྱས་པ་དང་། ལྐོག་རྔན་ལེན་པའི་ནག་ཉེས་ཀྱི་དོགས་གཞིའི་གནད་དོན་སོགས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམག་དོན་ཁྲིམས་བཤེར་ཚན་པར་རྩིས་སྤྲོད་བྱས་ཏེ། ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།

F8E749A4-AC02-49C5-B423-42DF8332E125_mw1024_s_nརང་ལོ་༧༡ ཡིན་པའི་ཞུའུ་ཚེ་ཧུག་ལོ་སྔོན་མར་རྒྱ་ནག་དབུས་དམག་སྤྱི་གཞོན་པའི་གོ་གནས་ནས་ལས་ཁྱུར་ངལ་གསོ་བྱས་པ་དང་། ཁོང་འཇུ་བཟུང་བྱས་ཏེ་བརྟག་ཞིབ་བྱེད་བཞིན་པའི་དཀྲོག་གཏམ་དུས་ཡུན་གང་འཚམས་ཤིག་གི་སྔོན་ནས་ཕྱིར་ཁྱབ་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་ཐོག་མ་ཆགས་ཡོད།

 

དེ་བཞིན་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། ཞུའུ་ཚེ་ཧུག་ཕུད་པའི་ད་དུང་མི་གཞན་གསུམ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་བྱས་ཏེ་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་བཏང་ཡོད་ཅིང་། ཁོང་གསུམ་ནི་རྒྱལ་ཁབ་རྒྱུ་ནོར་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཟུར་པ་ཅང་ཅེ་མེན་དང་། བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་ཟུར་པ་ལི་ཏོང་ཧྲན། རྒྱ་ནག་རྡོ་སྣུམ་རང་བྱུང་སོལ་རླངས་རུ་ཁག་བཟོ་གྲྭའི་སྤྱི་ཁྱབ་དོ་དམ་པ་གཞོན་པ་ཟུར་པ་ཝང་ཡུང་ཁྲེན་ཡིན་འདུག་ལ། མི་དེ་གསུམ་ནི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཟུར་པ་ཀྲུའུ་ཡུང་ཁང་གི་ཕྱོགས་གཏོགས་པའི་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

གནད་དོན་དབྱེ་ཞིབ་པ་འགས་ངོས་འཛིན་བྱས་པ་ལྟར་ན། ཞུའུ་ཚེ་ཧུག་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ནི། ཞི་ཅིན་ཕིང་གི་ལྐོག་ཟ་རུལ་ལ་རྒོལ་བའི་ལས་འགུལ་ཁྲོད་ཀྱི་མདུན་བསྐྱོད་གསར་པ་ཞིག་ཡིན་པ་དང་། མི་ཧ་ཅང་མང་པོ་ཞིག་གིས་ཐེངས་འདིའི་ཞུའུ་ཡི་གནས་ཚུལ་ཕྱིར་བསྒྲགས་ལ་བརྟེན་ནས། བཀག་ཉར་འོག་ཡོད་པའི་དཀྲོག་གཏམ་ཕྱིར་ཁྱབ་ཏེ་ཡུན་རིང་འགོར་བའི་ཀྲུའུ་ཡུང་ཁང་གི་གནད་དོན་དུས་ནམ་ཞིག་ལ་ཁྱབ་བསྒྲགས་བྱེད་མིན་ཐད་དོ་སྣང་སྔར་ལྷག་བཞིན་ཡོད་འདུག།