རྒྱ་ནག་གི་ཕུགས་ཀྱི་སྲིད་ཇུས་རྟོགས་པའི་ཐོག་ནས་བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་ཕེབས་དང་མི་ཕེབས་ཀྱི་ཐོག་ལ་བཀའ་བསྡུར་གནང་རེད།

ཟླ་འདིའི་ཚེས་༡༥ ནས་ཉིན་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༨ པ་དེ་དྷ་སར་འཚོགས་ཡོད་པ་དང། ཟླ་འདིའི་ཚེས་༡༨ ཉིན་གྱི་ཕྱི་དྲོ་ཚོགས་ཐོག་དེར་གནད་དོན་གཙོ་བོ་ག་རེ་བྱུང་ཡོད་མེད་སྐོར་ལ། གསར་འགོད་པ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་བཅར་འདྲི་བྱས་ཡོད་པ་རེད།

index-15
tibet.net

ཐོག་མར་སྲིད་སྐྱོང་གིས་ཚོགས་འདུ་ངོ་སྤྲོད་གནང་དོན། “ཉི་མ་གཉིས་གོང་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༨ པ་དེ་འཚོགས་པ་རེད། ལོ་རེར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་རེ་རེ་ཚོགས་ཀྱི་ཡོད་པ་དང་། ཡོངས་གྲགས་མ་ཡིན་པ་མཚམས་རེ་ཐེངས་གཅིག་གཉིས་ཚོགས་ཀྱི་ཡོད་པ་རེད། རྒྱུན་དུ་ནས་བོད་རྒྱ་ཞི་མོལ་ཚོགས་འདུ་ཚོགས་དུས་ཕན་ཐོགས་པོ་ཞེ་དྲག་ཡོད་རེད། ང་ཚོ་བགྲོ་གླེང་དེ་ལྷུག་པོ་ཞེ་དྲག་ཡོང་གི་ཡོད་པ་རེད་”གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས་གསུང་དོན། “ཉེ་བའི་ཆ་ནས་ཨ་རིའི་འོས་བསྡུ་དང་འབྲེལ་ནས། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་གང་འདྲ་ཡོང་གི་འདུག ཨ་རི་དང་རྒྱ་ནག་བར་ལ་གྲོས་ཚོགས་མི་སྣ་ཡིན་ནའང་རེད། གཞུང་གི་གནད་ཡོད་མི་སྣའི་བར་ལ་མཇལ་འཕྲད་བྱུང་དུས། བོད་དོན་ཐོག་བཀའ་མོལ་དང་། དགོངས་ཚུལ་ག་རེ་བྱུང་མེད། དེ་བཞིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་བ། ཉེ་ཆར་དབྱིན་ཡུལ་མི་མང་གིས་དབྱིན་ཡུལ་རྒྱལ་ཁབ་ཡུ་རོབ་མཐུན་ཚོགས་ཕྱིར་འཐེན་བྱེད་རྒྱུར་འོས་བླུགས་ནས་ཐག་གཅོད་བྱུང་བ་ལ་བརྟེན། མ་འོངས་པར་དབྱིན་ཡུལ་དང་རྒྱ་ནག དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་བར་ལ་ག་རེ་ཡོང་གི་རེད། དེ་དང་འབྲེལ་བའི་ཐོག་ནས་བོད་དོན་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ག་རེ་ཡོང་གི་རེད་དང་མ་རེད། དེ་བཞིན་ཉེ་ཆར་རྒྱ་གར་ལྟ་བུར་རྡུལ་ཕྲན་མཚོན་ཆའི་ཚོགས་པར་འཐུས་མི་གནང་རྒྱུར་འབད་བརྩོན་བྱས་པ་རེད་དེ། རྒྱ་ནག་གིས་ངོ་རྒོལ་བྱས་པ་རེད། དེ་ལ་བརྟེན་ནས་རྒྱ་ནག་ནང་དང་དམིགས་བསལ་རྒྱ་གར་ནང་ག་རེ་ཆགས་པ་རེད། བོད་དོན་ཐོག་གང་འདྲ་འབྱུང་གི་རེད། དེ་བཞིན་ཉི་ཧོང་དང་རྒྱ་ནག རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག དམིགས་བསལ་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཧྥེ་ལི་པེན་གྱི་རྒྱ་མཚོའི་རྙོག་གྲའི་སྐོར་ལ་ཁྲིམས་ཐག་བཅད་པས་རྒྱ་ནག་གི་གནས་སྟངས་ག་རེ་ཡོང་གི་རེད། དེ་ཚོ་སྤྱི་ཡོངས་ཐོག་བགྲོ་གླེང་བྱས་ནས། བོད་ཀྱི་གནད་དོན་གང་འདྲ་ཞིག་ལ་སླེབས་ཡོད་རེད། གང་འདྲ་ཞིག་ལ་འགྲོ་སྲིད་ཀྱི་རེད་”ཅེས་གསུངས་སོང་སོང་།
ཁོང་གིས་རྒྱལ་སྤྱིའི་ཐོག་གི་འགལ་ཟླ་ཁག་དང་འབྲེལ་ནས་གསུང་དོན། “རྒྱལ་སྤྱི་ཅན་གྱི་ལྟ་གྲུབ་དང་རྒྱལ་ཞེན་ཅན་གྱི་ལྟ་གྲུབ། གུ་ཡངས་ཅན་གྱི་ལྟ་གྲུབ་དང་མཁྲེགས་འཛིན་ཅན་གྱི་ལྟ་གྲུབ་སོགས་ཀྱི་བར་ལ་འཛམ་གླིང་ཡོངས་ལ་འགལ་ཟླ་ཞེ་དྲག་འགྲོ་ཡི་ཡོད་པ་རེད། མཁས་པ་མང་པོ་ཞིག་གིས་རྒྱལ་སྤྱི་ཅན་དང་གུ་ཡངས་ཅན་གྱི་ལྟ་གྲུབ་དེ་གཉིས་དམག་ཆེན་དང་པོ་དང་དམིགས་བསལ་དམག་ཆེན་གཉིས་པའི་ཉམས་མྱོང་ལ་གཞིགས་ནས། དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་དར་སྤེལ་བཏང་བའི་ལྟ་གྲུབ་ཡིན་པར་བརྗོད་ཀྱི་ཡོད་པ་རེད། དེ་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་པ་མང་པོ་བཙུགས་པ་རེད། གལ་ཏེ་རྒྱལ་སྤྱི་ཅན་གྱི་ལྟ་གྲུབ་ཉམས་པ་ཡིན་པ་རྒྱལ་ཞེན་ཅན་གྱི་ལྟ་གྲུབ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། གུ་ཡངས་ཅན་གྱི་ལྟ་གྲུབ་ཉམས་པ་ཡིན་ན་མཁྲེགས་འཛིན་ཅན་གྱི་ལྟ་གྲུབ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། དེང་སང་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་དང་། དེ་བཞིན་ཨ་རི་དང་རྒྱ་གར། རྒྱ་ནག་སོགས་ནང་མཐོང་གི་ཡོད་པ་རེད། གལ་ཏེ་དེ་ལྟར་བྱུང་ན། དམག་ཆེན་གཉིས་པའི་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ཆགས་ཀྱི་ཡོད་པས། སྐབས་དེར་བོད་ཀྱི་གནད་དོན་དང་བོད་རྒྱལ་ཁབ་ཀྱི་གནས་སྟངས་ག་འདྲ་ཡོང་མིན་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་གི་ཡོད་པ་རེད། དེ་དག་གིས་བཀའ་ཤག་ནང་ཕྱག་ལས་གནང་མཁན་ཚོར་བསམ་བློ་གཏོང་སྟངས་དང་ཐབ་བྱུས་གཏོང་སྟངས་སོགས་ལ་ཕན་ཐོགས་ཡོང་གི་ཡོད་རེད། དེར་བརྟེན་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་ལས་དོན་ཚོགས་ཆུང་ཡོད་པ་རེད། དེའི་ནང་ལ་བགྲོ་གླེང་ལྷུག་པོ་བྱུང་བ་ཡིན་ན། མ་འོངས་པར་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ནས་གནད་དོན་ག་རེ་བྱུང་བ་ཡིན་ན། བསམ་བློའི་གྲ་སྒྲིག་ཐོག་ནས་ཕན་ཐོགས་ཡོང་གི་ཡོད་པ་རེད་”ཅེས་གསུངས་སོང་།

“དམིགས་བསལ་ང་ཚོས་རྒྱ་ནག་ནང་འགྱུར་ལྡོག་ཆེན་པོ་ག་རེ་འགྲོ་ཡི་ཡོད་མེད་ཐོག་ལ་བཀའ་སྡུར་གནང་ཡོད་པ་རེད། རྒྱ་ནག་ནང་ཞེ་ཅིན་ཕིང་གིས་ཏང་སྲིད་དམག་གི་དབང་ཆ་བཟུང་བ་དང། སྤྱི་ཁྱབ་དམག་དཔོན་གྱི་གོ་གནས་བཟུང་བ་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱས་པ་རེད། ཡིན་ཡང་མཁྲེགས་འཛིན་དེ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་འདྲ་བོ་འདུག དེ་བཞིན་བོད་ནང་དུའང་ཉེ་ཆར་གསེར་རྟ་བླ་རུང་སྒར་དུ་དགེ་འདུན་པའི་གྲངས་ཀ་ཉུང་དུ་གཏོང་གི་ཡོད་པ་རེད། ནང་ཆོས་གལ་ཆེན་པོ་རེད་ཟེར་གྱི་ཡོད་རེད་དེ། དམ་དྲག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་གློག་བརྙན་བཟོ་མཁན་པདྨ་ཚེ་བརྟན་ལགས་ལ་དམ་དྲག་བྱས་པ་སོགས་རྒྱ་གཞུང་གིས་བོད་མི་གཅིག་ཡར་ཐོན་པ་ཡིན་པ། དམ་དྲག་བྱས་ནས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་གསལ་པོ་རེད། དེས་མཁྲེགས་འཛིན་ལྟ་བ་མུ་མཐུད་གནས་ཀྱི་ཡོད་པས་རྣམ་པ་གསལ་པོ་རེད། དེ་ལ་བརྟེན་ནས་རྒྱ་ནག་གི་ཕུགས་ཀྱི་སྲིད་ཇུས་ག་རེ་ཡིན་མིན་དང་ལག་བསྟར་གང་འདྲ་བྱེད་ཀྱི་ཡོད་མེད་རྟོགས་པའི་ཐོག་ནས། མ་འོངས་བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་ཕེབས་དང་མི་ཕེབས་ཀྱི་ཐོག་ལ་བཀའ་བསྡུར་གནང་གི་ཡོད་རེད་”ཅེས་གསུངས་སོང་།

གསར་འགོད་པས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་ཆད་ནས་རྒྱུན་རིང་པོ་ཡིན་པ་དང་། མ་འོངས་པར་དེའི་ཐོག་རེ་བ་ག་ཚོད་གནང་གི་ཡོད། མ་འོངས་པའི་སྲིད་སྐྱོང་གི་ལོ་ཡུན་ལྔའི་རིང་ལ་འབད་བརྩོན་བྱེད་དགོས་པའི་ལས་དོན་གཙོ་བོ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར།

lobsang_2016_7_18སྲིད་སྐྱོང་གིས་ལན་འདེབས་གནང་དོན། “མ་འོངས་པར་ངའི་སྐབས་ལོ་ལྔ་དང་། མ་འོངས་པ་གནད་འགག་ཆེན་པོ་རེད། རྒྱ་ནག་ནང་འགྱུར་བ་ཆེན་པོ་དང་། བོད་ནང། རྒྱལ་སྤྱིའི་ཐོག་བཅས་ལ་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པ་དང་། ཞི་ཅིན་ཕིན་ཡིན་ནའང་སྲིད་འཛིན་སྐབས་གཉིས་པ་ཆགས་ཡོང་གི་ཡོད་པས། འཛམ་གླིང་གི་འགྲོ་སྟངས་རེད། ཨ་རིའི་སྲིད་འཛིན་ཡིན་ནའང་སྐབས་གཉིས་པ་ནམ་རྒྱུན་ལག་པ་མ་འཆང་ས་དེ་ཚོར་ལག་པ་འཆང་གི་རེད། དཔེར་ན་ཨ་རིའི་སྲིད་འཛིན་གྱིས་ཁཱུ་པ་དང་། ཨེ་རག་མཉམ་པོར་འབྲེལ་བ་བྱེད་པ་སོགས་གནད་དོན་གལ་ཆེ་བ་དེ་ཚོར་ལག་པ་འཆང་གི་རེད། ཞི་ཅིན་ཕིན་ཡིན་ནའང་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས་གནད་དོན་གལ་ཆེ་བ་དེ་ཚོའི་ཐོག་སྲིད་ཇུས་གུ་ཡངས་ཡོད་པའི་ཐོག་ནས་ལག་པ་འཆང་ན། གང་ལ་བལྟས་ཀྱང་བོད་ཀྱི་ཐོག་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ཅིག་གནང་དགོས་ངེས་ཆགས་ཡོད་པ་རེད།  ཤིན་ཅང་ཡིན་ན་བོད་ལས་ཛ་དྲག་པོ་མེད་ནའང་བོད་ནང་བཞིན་རེད། ཡིན་ནའང་སུ་མཉམ་པོར་འབྲེལ་བ་དང་བཀའ་མོལ་གནང་གི་ཡིན་ཞེས་པ་དེ་སྔོན་བགྲོ་གླེང་འགྲོ་བསྡད་ཡོད་པ་རེད། ཐའེ་ཝན་ཡིན་ནའང་ཚཱེ་ཡེ་ཝིན་སྲིད་འཛིན་ལ་འཁོད་ཚར་པ་དང་། རྒྱ་ནག་གཞུང་གིས་གཞུང་འབྲེལ་གྱི་འབྲེལ་ལམ་ཆད་ཡོད་ཟེར་གྱི་ཡོད་ནའང་། ཐའེ་ཝན་གྱི་མི་རབས་གསར་པའི་ལྟ་བ་ཁུར་སྟངས་དང་སློབ་སྦྱོང་བྱེད་སྟངས། འཚར་ལོངས་ཡོང་སྟངས་སོགས་ལ་རང་བཞིན་གྱིས་རྒྱ་ནག་གཞུང་དང་ཐག་ཉེ་རུ་འགྲོ་ཡི་མེད་ནའང་། ཐག་རིང་དུ་འགྲོ་རྒྱུ་གནས་སྐབས་ཁག་པོ་རེད་བསམ་གྱི་འདུག  ཧོང་ཀོང་ནང་ཡིན་ནའང་། ༢༠༡༧ ལོར་སྤྱི་ཁྱབ་པ་འོས་འདེམས་དགོས་ཀྱི་ཡོད་རེད། གཞི་རྩའི་རྒྱ་ནག་གཞུང་ལ་འཆར་གཞི་ཡོད་པ་བཞིན་ཁོ་རང་ཚོས་བསྐོ་ཐུབ་ཀྱི་རེད་བསམ་གྱི་འདུག་ཀྱང་། མི་མང་ནང་རང་བཞིན་གྱིས་རང་དབང་ལ་འདོད་མཁན་དང་མང་གཙོ་ལ་འབད་བརྩོན་བྱེད་མཁན་ཤུགས་ཆེ་རུ་ཡོང་གི་རེད་བསམ་གྱི་འདུག བོད་ལྟ་བུ་ཡིན་ན་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བཀའ་མོལ་གནང་ནས་གནད་དོན་སེལ་ཐུབ་ན། རྒྱ་ནག་གཞུང་དང་ཞི་ཅིན་ཕིན་གྱི་བྱས་རྗེས་ཆགས་ཀྱི་རེད་ལ། སྲིད་འཛིན་ལས་ཡུན་སྐབས་གཉིས་པར་བྱེད་དགོས་ངེས་འདྲ་ཡོད་རེད་དེ། བྱེད་དང་མི་བྱེད་བཤད་ཐུབ་ཁག་པོ་རེད། ང་ཚོས་གནང་དགོས་པ་དེ་མུ་མཐུད་གནང་དགོས་རེད་ལ། གལ་ཆེ་ཤོས་དེ་བོད་རྒྱ་ཞི་མོལ་རེད་”ཅེས་གསུངས་སོང་།

འདི་གའི་གསར་འགོད་པས། བོད་པས་རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་བརྩད་ནས། རྒྱུན་རིང་པོ་ཞེ་དྲག་རེད་ལ། ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བ་སྐྱོ་རུ་སོང་ཡོད་པ་མ་ཟད། ཧོང་ཀོང་ནང་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་དང་ཧོང་ཀོང་ལ་རང་བཙན་དགོས་ཀྱི་ཡོད་ཟེར་མཁན་མང་དུ་འགྲོ་ཡི་ཡོད་རེད། དེ་བཞིན་རྒྱ་ནག་ནང་རྒྱ་ནག་གི་རྩ་ཁྲིམས་ལ་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པས། བོད་པས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ད་དུང་ཨུ་ཚུགས་བརྒྱབ་ན་ནུས་པ་ཐོན་གྱི་རེད་དགོངས་ཀྱི་འདུག་གམ་ཞེས་དྲིས་པར།

སྲིད་སྐྱོང་བློ་བཟང་སེང་གིས། “སོ་སོ་སོ་སོར་སྲིད་ཇུས་ཡོད་རེད་ལ། ཐབས་ཇུས་དང་བསྟུན་ནས་འགྲོ་དགོས་པ་རེད། ངས་དབུ་མའི་ལམ་གྱི་ཐབས་ཇུས་དེ་བཟང་ཤོས་དང་ཐབས་མཁས་ཤོས་ལ་བརྩི་ཡི་ཡོད། མ་འགྲུབ་བར་དུ་དེ་གནས་དགོས་ཀྱི་རེད་ལ། སྔ་ཕྱི་མ་གཏོགས་འགྲུབ་ཀྱི་རེད་བསམ་གྱི་འདུག འདེམས་ཀ་ཡང་དེ་མ་གཏོགས་ཡོད་མ་རེད་བསམ་གྱི་འདུག  ཐའེ་ཝན་གྱི་གནས་སྟངས་ལ་བལྟས་ན་སྲིད་འཛིན་མཱ་ཡེན་ཅུང་གི་སྐབས་རྒྱ་ནག་ལ་བསྟུན་མཁས་ཞེ་དྲག་གནང་རེད་དེ། མཐའ་མ་དེར་ཞི་ཅིན་ཕིན་མཉམ་དུ་སྐར་མ་གཅིག་ཙམ་ལ་ལག་པ་ཞིག་གཏོང་རྒྱུ་བྱུང་བ་ལས། དེ་མིན་ཐའེ་ཝན་ལ་ཁེ་ཕན་དང་ཁོ་རང་ལ་བྱས་རྗེས་ཞེ་དྲག་མ་རག་པ་རེད། ཧོང་ཀོང་ཡིན་ནའང་། དམ་དྲག་ཆེ་རུ་བཏང་བ་དང་ཧོང་ཀོང་གི་མི་མང་ནང་རང་དབང་དགོས་ཀྱི་ཡོད་ཟེར་མཁན་ཤུགས་ཆེ་རུ་འགྲོ་ཡོད་པས། དེ་ཚོར་གཟིགས་ནས། མཁྲེགས་འཛིན་གྱི་སྲིད་ཇུས་བཟུང་ནས་མར་མནན་ན་རེ་བ་འགྲུབ་ཀྱི་རེད་བསམ་ན་རེ་བ་དེ་འགྲུབ་ཀྱི་མ་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་ད་ལྟ་བར་དུ་མཁྲེགས་འཛིན་སྲིད་ཇུས་ལོ་དྲུག་ཅུ་ལྷག་ལ་བཟུང་ཡོད་ནའང་། མི་མང་ལ་རྒྱལ་ཞེན་དང་། ཤ་ཞེན། བོད་མི་སྤུན་ཟླའི་མཐུན་སྒྲིལ་ཤུགས་ཆེ་རུ་སོང་བ་དང་། ཆོས་དང་རིག་གཞུང་དར་སྤེལ་ཡང་ཤུགས་ཆེ་རུ་འགྲོ་ཡོད་པ་ལ་བལྟས་ན། རྒྱ་ནག་གཞུང་གིས་ཁོ་རང་ཚོའི་སྲིད་ཇུས་དེ་ནོར་འདུག སྲིད་ཇུས་གུ་ཡངས་བྱས་ན་ཡག་པ་འདུག་བསམ་པའི་བསམ་བློ་འཁོར་དགོས་ངེས་འདྲ་རེད། བསམ་བློ་དེ་འཁོར་བའི་ཉིན་དབུ་མའི་ལམ་གྱི་སྲིད་ཇུས་མདུན་ཅོག་ཐོག་ཡོད་ན། དེའི་སྐབས་ཐབས་ལམ་ཡག་ཤོས་ཤིག་ཆགས་ཀྱི་རེད་”ཅེས་གསུངས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར་དང་སྐལ་བཟང་དོན་འགྲུབ།