རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་བྱང་ཀོ་རི་ཡར་བསྐྱོད་རྒྱུ་རེད་འདུག
ཀོ་རི་ཡ་ལྷོ་བྱང་གཉིས་བར་ན་ལོ་རྒྱུས་རང་བཞིན་ཅན་གྱི་སྐད་ཆ་བྱུང་བའི་རྗེས་ཏེ། བདུན་ཕྲག་འདིའི་ནང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་བྱང་ཀོ་རི་ཡར་བསྐྱོད་རྒྱུ་ཡིན་འདུག
ཕྱི་ཟླ་༤ པའི་ཚེས་༣༠ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀོ་རི་ཡ་ལྷོ་བྱང་གཉིས་བར་གྱི་འགོ་ཁྲིད་གཉིས་ཕྱི་ཟླ་༤ པའི་ཚེས་༢༧ ཉིན་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་ཏེ། ཀོ་རི་ཡའི་མཚོ་གླིང་ཁུལ་དུ་དམག་འཁྲུག་མི་རྒྱག་པ་དང་། ཀོ་རི་ཡའི་མཚོ་གླིང་དུ་རྡུལ་མཚོན་མེད་པ་བཟོ་རྒྱུའི་ཟུང་སྦྲེལ་གྱི་བསྒྲགས་གཏམ་སྤེལ་ནས་ལོ་རྒྱུས་རང་བཞིན་ཅན་གྱི་སྐད་ཆ་བྱུང་བའི་རྗེེས་ཏེ། གཟའ་འཁོར་འདིའི་ནང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་བྱང་ཀོ་རི་ཡར་བསྐྱོད་རྒྱུ་ཡིན་འདུག་པ་དང་། རྒྱ་ནག་ནི་ད་ལྟའི་ཆར་བྱང་ཀོ་རི་ཡར་མུ་མཐུད་དཔལ་འབྱོར་གྱི་ཐོག་ནས་ཟླ་གྲོགས་སུ་ལྷག་ཡོད་པའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཀྱི་ཡོད་འདུག་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་དཔོན་རིགས་རྣམས་བྱང་ཀོ་རི་ཡར་ཕྱོགས་བསྐྱོད་དུ་སོང་བའི་ནང་ནས། ད་ཐེངས་ཝང་ཡེ་ཕྱོགས་བསྐྱོད་དུ་འགྲོ་འཆར་ཡོད་པ་འདི་ནི་དེ་དག་ཚང་མའི་ནང་ནས་ཆེས་ཚད་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག
དེ་བཞིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨེན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་མི་རིང་བར་ཐུག་འཕྲད་བྱ་རྒྱུའི་སྐད་ཆ་ཡོད་པ་དང་། ལྷོ་ཀོ་རི་ཡས་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ཅན་གྱི་ཐུག་འཕྲད་དེའི་སྐོར་ཨ་རི་དང་ཉི་ཧོང་གཉིས་ཀྱི་འགོད་ཁྲིད་རྣམས་ལ་སྔ་ས་ནས་བརྗོད་ཡོད་སྐོར་འདུག
འདི་ལོའི་ཕྱི་ཟླ་༣ པའི་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨེན་པེ་ཅིང་དུ་བསྐྱོད་ཡོད་པ་དང་། དེ་ནི་ཁོ་རང་གིས་ལས་འཁུར་བླངས་ནས་བཟུང་ཆེས་ཐོག་མའི་ཕྱིའི་རྒྱལ་ཁབ་ཁག་ཏུ་སོང་བ་དེ་ཆགས་ཀྱི་ཡོད་འདུག་པ་མ་ཟད། དེས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་གྱི་གལ་ཆེའི་རང་བཞིན་ཡང་བསྟན་གྱི་ཡོད་སྐོར་འདུག
ཝང་ཡེ་ཕྱི་ཟླ་༥ པའི་ཕྱི་ཚེས་༢ ཉིན་བྱང་ཀོ་རི་ཡར་བསྐྱོད་དེ། ཕྱི་ཚེས་༣ ཉིན་ཧྥོན་ཡང་གཞུང་གི་མགྲོན་འབོད་བཞིན་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།