རྒྱ་ནག་གི་ཕྱིིི་སྲིད་བློན་ཆེན་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

ཟླ་འདིའི་ཚེས་༡ ནས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་རྣམས་འཛོམས་ནས་གོ་ལ་གཅིག་དང་ཁྱིམ་ཚང་གཅིག་མ་འོངས་པ་གཅིག་ཅེས་པའི་བརྗོད་གཞིའི་ཐོག་ལ་ཚོགས་འདུ་ཞིག་སྐོང་འཚོགས་གནང་བཞིན་ཡོད་པ་དང་།

སྐབས་དེའི་ཚོགས་ཐོག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་ལ། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་མཚམས་སུ་ས་གནས་ཉེས་རྟོག་པས་ལས་འགུལ་བ་རྣམས་འཛིན་བཟུང་གིས་(Dwarka) ཁུལ་གྱི་(Jafarpur Kalam) ཞེས་པའི་ཉེས་རྟོག་ལས་ཁུངས་སུ་དོ་དམ་བྱས་ཡོད་འདུག

གཞན་ཡང་ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་འགྲོ་སའི་ལམ་ཐོག་ཟམ་པའི་ཐོག་ཆིན་ཀང་ཁྱེད་རང་ཕྱིར་ལོག་བྱེད་དགོས་པ་དང་སྟོབས་ཆེན་རྒྱལ་ཁབ་(G20) ཡིས་གཞིས་བཞུགས་བོད་ཕྲུག་ཚོ་སྐྱོབ་རོགས་ཞེས་པའི་འཕྲེད་དར་བཅངས་ནས་ངོ་རྒོལ་གྱི་ལས་འགུལ་ཡང་སྤེལ་ཡོད་འདུག

ལས་འགུལ་དེ་དང་འབྲེལ་བའི་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲྭ་ངོས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བོད་ནང་ལ་གཏན་སྡོད་སློབ་གྲྭ་མང་པོ་བཙུགས་ཡོད་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་དང་བོད་པའི་ངོ་བོ་རྩ་མེད་དུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད་ཅེས་བརྗོད་འདུག་ལ། གཞན་ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲྭ་ངོས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་བཙུགས་པའི་གཏན་སྡོད་སློབ་གྲྭའི་ནང་དུ་བོད་ནང་གི་བོད་ཕྲུག་བརྒྱ་ཆ་༨༠% ཡོད་པའི་གནས་ཚུལ་སྤེལ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།