རྒྱ་ནག་གི་ཕྱུག་བདག་ཀོ་ཝིན་ཀུའོ་ཡིས་“རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་”ཞེས་པ་བཙུགས་པའི་ནང་བོད་བཙན་གྱིས་བཅུག་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོ་རྒོལ་བརྡ་ལན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གི་ཕྱུག་བདག་ཀོ་ཝིན་ཀུའི་སོགས་ཀྱིས་བཙུགས་པའི་“རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་”ནང་བོད་བཙན་གྱིས་བཅུག་པར་མོས་མཐུན་མེད་པ་དང་། བོད་ཀྱི་གནད་དོན་ཆེ་ཆུང་གང་ཡིན་ཐམས་ཅད་ཀྱི་འགན་དབང་ཆ་ཚང་“བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁོ་ནར་ཡོད་པའི་”བརྡ་ལན་སྤྲད་སོང་།
དེ་རིང་སྟེ་ཕྱི་ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་དྷ་སར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་སྒོ་སྐོང་འཚོགས་གནང་བའི་ཐོག བཀའ་སྤྱི་གཉིས་ནས་དུས་ཆེན་དང་འབྲེལ་བའི་གཞུང་འབྲེལ་གསུང་བཤད་སྒྲོགས་སྦྱང་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་མ་འབྱུང་གནས་ཀྱིས་སྒྲོགས་སྦྱང་གནང་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལོ་ཚིགས་དང་སྦྱར་བའི་སྐུ་ཚེའི་རྣམ་ཐར་སྙིང་བསྡུས་དང་། དེ་བཞིན་“འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་”དང་། “ཆོས་ལུགས་མཐུན་འབྲེལ།” “བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།” “རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་”བཅས་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིས་མཚོན་པའི་མཛད་པ་རླབས་པོ་ཆེ་གང་མང་བསྐྱངས་དང་སྐྱོང་བཞིན་པར། བོད་མི་རྩམ་གཟན་ཡོངས་ནས་ངེས་པར་དུ་སློབ་སྦྱོང་དང་ཕྱར་བ་གྲུ་འདེགས་ཞུ་དགོས་པའི་བཀའ་སློབ་འཁོད་འདུག
དེ་རིང་གི་དུས་སྐབས་དང་བསྟུན་ནས་སྤེལ་བའི་གསུང་བཤད་ནང་། སྤྱི་འཐུས་ཚོགས་ནས་ད་ལྟའི་བོད་ཀྱི་གནད་དོན་དང་འབྲེལ་བའི་གནད་དོན་འགའ་ཤས་ཀྱང་གླེང་འདུག་པ་ལས། རྒྱ་ནག་གི་ཕྱུག་བདག་ཀོ་ཝིན་ཀུའོ་དང་མི་འགའ་ཤས་ཀྱིས་མཉམ་འབྲེལ་ཐོག་ནས་“རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་”སྤེལ་བར་ངོ་རྒོལ་གནང་དོན། “འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྐང་སྤོལ་བ་ཟུར་པ་ཧོ་ཧེ་ཏུང་དང་ཕྱུག་བདག་ཀོ་ཝིན་ཀུའོ་སོགས་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གཙོས་པའི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་བཏང་བ་སོགས་ཚད་ལས་བརྒལ་བའི་བྱས་ཉེས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། དྲུག་བཞིའི་དུས་དྲན་ཉིན་མོར་རྒྱ་ནག་གསར་པ་ཞེས་པ་མགོ་བཙུགས་ཏེ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ་ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་ཞེས་པའི་ནང་བོད་རྒྱལ་ཁབ་ཆེན་པོའི་མིང་བཙན་གྱིས་བཅུག་པ་དང་། ཁོ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གུས་པའི་ཚིག་བེད་སྤྱོད་བྱས་པ་དང་། བཙན་བྱོལ་བོད་མིར་ངན་སྨྲས་མང་དག་བྱས་པ་བཅས་རྩ་བ་ནས་འགྲིག་ཐབས་མེད་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མོས་མཐུན་རྩ་བ་ནས་མེད་ཅེས་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད། བོད་ཀྱི་གནད་དོན་ཆེ་ཆུང་ཇི་འདྲ་ཞིག་གི་ཐོག་ཐག་གཅོད་བྱ་དགོས་བྱུང་ཚེ་དེའི་འགན་དབང་ཆ་ཚང་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁོ་ནར་ཡོད། དེར་གོ་བསྡུར་གང་ཡང་མེད་པར་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་བཅས་སུས་ཀྱང་བོད་དོན་དང་འབྲེལ་བའི་ཐག་གཅོད་རིགས་མི་ཆོག”
གཞན་ཡང་། གསུང་བཤད་དེའི་ནང་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་ (Scott Perry) ཡིས་ཨ་རིའི་གྲོས་ཚོགས་ནང་བོད་རང་སྐྱོང་ལྗོངས་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་དགོས་སྐོར་གྱི་ཁྲིམས་འཆར་བཏོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ན་ཡང་། རང་སྐྱོང་ལྗོངས་གཅིག་པུས་བོད་རྒྱལ་ཁབ་ཆ་ཚང་མཚོན་མི་ཐུབ་པར་བརྟེན། དེའི་ཚབ་ཏུ་“བོད་ཆོལ་ཁ་གསུམ་”ཞེས་བསྒྱུར་བཅོས་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།