རྒྱ་ནག་གི་བཙོན་པའི་དཀའ་སྡུག་གི་ཡི་གེ་ཞིག་ཨ་རིར་ཐོན་པ།
ཨ་རིའི་བུད་མེད་ཅིག་གིས་ལག་ཁུག་ཞིག་ཉོས་ནས་ཁ་ཕྱེ་སྐབས། དེའི་ནང་རྒྱ་ནག་གི་བཙོན་པ་རྣམས་རྒྱུན་རིང་པོར་ལས་ཀ་བྱེད་འཇུག་གི་ཡོད་པ་སོགས་ཀྱི་དཀའ་སྡུག་གི་ཡི་གེ་ཞིག་ཐོན་ཡོད་འདུག
ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཨེ་རི་ཛོ་ན་མངའ་སྡེའི་ནང་དུ། བུད་མེད་ཅིག་གིས་ཚོང་ཟོག་སྣ་འཛོམས་ཀྱི་ཚོང་ལས་ཁང་ཝལ་མར་ཀྲེ་ཞེས་པ་ནས་ལག་ཁུག་ཅིག་ཉོས་ཡོད་པ་དང་། རྗེས་སུ་ལག་ཁུག་དེ་ཁ་ཕྱེ་སྐབས་དེའི་ནང་དུ་རྒྱ་ཡིག་བྲིས་པའི་ཤོག་བུ་ཞིག་ཡོད་པ། རྒྱ་ཡིག་ཤེས་མཁན་ཞིག་བཙལ་ནས་དབྱིན་ཡིག་ཐོག་བསྒྱུར་དུ་བཅུག་ཡོད་འདུག
ཡི་གེ་དེའི་ནང་རྒྱ་ནག་གི་ཀང་ཞེའུ་ཁུལ་གྱི་ཡིང་ཧྲན་བཙོན་ཁང་དུ། བཙོན་པ་རྣམས་ཉིན་རེར་ཉིན་གུང་གི་བར་སེང་མེད་པར་ཆུ་ཚོད་༡༤ རིང་ལས་ཀ་བྱེད་དགོས་ཀྱི་ཡོད་པ་དང་། དགོང་མོ་ཆུ་ཙོད་༡༢ བར་དུས་འཕར་གྱི་ལས་ཀ་བྱེད་དགོས་པ། སྐབས་དེར་ལས་ཀ་ཆ་ཚང་བ་ཚར་མེད་མཁན་ཚོར་ཉེས་རྡུང་གཏོང་གི་ཡོད་སྐོར་འཁོད་ཡོད་འདུག དེ་བཞིན་དེའི་ནང་ཁ་ལག་ཚ་དང་སྣུམ་མེད་པ་སྤྲོད་ཀྱི་ཡོད་པ། ཟླ་རེར་གླ་ཆ་རྒྱ་སྒོར་༢༠༠༠ རེ་སྤྲོད་ཀྱི་ཡོད་ཀྱང་ནད་པ་ཆགས་ཚེ་ནད་རིན་རྣམས་གླ་ཆ་ནས་འཐེན་གྱི་ཡོད་པ། དེ་བཞིན་རྒྱ་ནག་ནང་བཙོན་པ་ཡིན་པ་དེ་ཨ་རིའི་ནང་ཁྱི་དང་བ་ཕྱུགས། ཕག་པ་དང་ལུག་སོགས་ཡིན་པ་ལས་སྡུག་པ་ཡིན་སྐོར་འཁོད་འདུག
ཡི་གེ་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་ཕྱིན་པས། ཨ་རིའི་ཚོང་ཟོག་སྣ་འཛོམས་ཀྱི་ཚོང་ལས་ཁང་གི་རྒྱལ་ཡོངས་གསར་འགོད་འབྲེལ་ལམ་གྱི་འགན་འཛིན་གྱིས། “ང་ཚོས་ཚོང་ཟོག་གང་ནས་བླངས་ཀྱང་། དེ་དག་འགན་འཁུར་ལྡན་པ་དང་ཕྱི་གསལ་ནང་གསལ་ཐོག་ནས་མཁོ་སྤྲོད་བྱེད་དགོས་པ་གལ་ཆེན་བརྩི་ཡི་ཡོད། ང་ཚོས་ཉེས་འཛུགས་དེ་རིགས་གལ་གནད་ཆེན་པོ་བརྩི་ཡི་ཡོད་ཀྱང་། ད་ལྟའི་ཆར་ཡི་གེ་དེ་དང་འབྲེལ་ནས་གནས་ཚུལ་ཆ་ཚང་བ་ཞིག་མེད་པས། དེ་བདེན་པ་ཁུངས་སྐྱེལ་བྱེད་རྒྱུ་ཁག་པོ་རེད།”ཅེས་བརྗོད་ཡོད་འདུག
ཚོང་ལས་ཁང་དེའི་དྲ་རྒྱར་ཚོང་ཟོག་མཁོ་སྤྲོད་བྱེད་མཁན་ཚོར་དགོས་པའི་ཚད་གཞིའི་ནང་། ཚོང་ཟོག་འཛུགས་སྐྲུན་སྐབས་ལས་མི་རྣམས་དུས་ཚོད་མང་པོ་ལས་ཀ་བྱེད་མི་ཆོག་པ་དང་། དེ་བཞིན་ལས་མི་རྣམས་ལ་བཙན་དབང་ཐོག་ལས་ཀ་སྐུལ་བ་དང་གླ་ཆ་མི་སྤྲོད་པ་བྱེད་མི་ཆོག་སྐོར་འཁོད་ཡོད་འདུག
ཕྱི་ལོ་༢༠༡༣ ལོར་ཨ་རིའི་ནང་ཚོང་ཟོག་ཤིག་ནང་ཡི་གེ་དེའི་རིགས་ཤིག་ཐོན་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བཙོན་ཟུར་ཞིག་གིས་ནིའུ་ཡོག་དུས་བབ་ལ་ཡི་གེ་དེ་ཁོས་བྲིས་པ་ཡིན་པ་དང་། དེ་ཡང་བཙོན་ཁང་དུ་ལོ་གཉིས་བསྡད་པའི་རིང་ཡི་གེ་དེ་རིགས་༢༠ ལྷག་བྲིས་ཏེ་ཚོང་ཟོག་ནང་དུ་བཅུག་ནས། དེ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཚོས་དོ་སྣང་སྤྲོད་པའི་རེ་བ་བྱས་ཡོད་སྐོར་བརྗོད་འདུག
ཨ་རིའི་ནང་དུ་རྒྱ་ནག་གི་བཙོན་པ་རྣམས་ཀྱི་དཀའ་སྡུག་དང་འབྲེལ་བའི་ཡི་གེ་ཚོང་ཟོག་ནང་དུ་ཐོན་པའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།