རྒྱ་ནག་གི་བོད་ནང་གཏེར་ཁ་སྔོག་འདོན་དེ་ཁྲིམས་གང་དང་ཡང་མཐུན་གྱི་མི་འདུག
“བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་ཁོར་ཡུག་ཐོག་རྒྱ་ནག་གཞུང་གིས་ལག་བསྟར་ག་རེ་གནང་ན་ཡང་། ༡ ཁོར་ཡུག་རྒྱུན་གནས་ཐུབ་པ། ༢ ཆོས་དང་རིག་གཞུང་ལ་གུས་བརྩི། ༣ དཔལ་འབྱོར་ཐོག་ནས་མི་མང་ལ་ཁེ་ཕན་ཡོད་པ། ༤ ཁྲིམས་མཐུན་དང་མི་མང་གི་མོས་མཐུན་ཡོད་པའི་ཐོག་ནས་ཁོར་ཡུག་ཐོག་སྲིད་ཇུས་དང་ལས་འཆར་སྤེལ་དགོས་རེད་ཞུ་ཡི་ཡོད་”ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།
དེ་ཡང་བོད་ནང་གི་ཁོར་ཡུག་སྐོར་ལ་ཉེ་ཆར་མི་ཉག་དང་། ཁ་ཉིན་ཨ་མཆོག་ཏུ་གཏེར་ཁ་སྔོག་འདོན་བྱས་ཏེ། མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར། རྒྱ་ནག་གཞུང་གིས་རྡུང་རྡེག་དང་འཇུ་བཟུང་བྱེད་ཀྱི་ཡོད་པས། ཟླ་འདིའི་ཚེས་༨ ཉིན་དེའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེས་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
སྲིད་སྐྱོང་གིས་བོད་ནང་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་བོད་མིར་ཕན་ཐོགས་མེད་པ་མ་ཟད། ཁྲིམས་མཐུན་ཡང་མིན་སྐོར་གསུང་དོན། “༡ གཏེར་ཁ་སྔོག་སྟངས་ཀྱང
་རྫས་ལུད་བླུགས་པ་དང་ས་སྔོག་སྟངས་ཀྱིས་འཕྲལ་ཕུགས་རྒྱང་གསུམ་ལ་ཁོར་ཡུག་རྒྱུན་གནས་ཐུབ་ཀྱི་མེད་པས། མི་མང་གིས་ངོ་རྒོལ་བྱས་རེད། ༢ ཆོས་དང་རིག་གཞུང་ལ་གུས་བརྩི་བྱེད་རྒྱུ་གལ་ཆེན་པོ་རེད། བོད་ནང་གནས་རི་མང་པོ་ཞིག་ཡོད་པའི་གཞི་རྩ་ཚན་རིག་དང་མཐུན་པ་ཞིག་རེད། དེ་བསྔོགས་ན་མི་མང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་རེད། ༣ དཔལ་འབྱོར་ཐོག་ནས་ད་ལྟ་བར་དུ་གཏེར་སྔོགས་པ་དང་། ཤིང་གཅོད་པ། ཆུ་རག་རྒྱག་པ་སོགས་ཀྱིས་མི་མང་ལ་ཕན་ཐོགས་པ་ཕར་ཞོག མོས་མཐུན་མེད་པ་ཨ་ཅང་ཅང་། མི་མང་ལ་གནོད་པ་ཆགས་ཡོང་དུས་འགྲིག་གི་མ་རེད། ས་གནས་ལ་མ་རྩ་ཡོད་པ་དེ་གཏེར། ཆུ། ཤིང་ནགས་རེད། རྒྱ་ནག་གི་དཔོན་རིགས་དང་ཚོང་པ་ཚོས་གཏེར་བསྔོགས་ནས་ཁེ་བཟང་ཟོས། ས་ནང་རྫས་ལུད་བཏང་ནས་བཞག་ན། ཁོར་ཡུག་ཐོག་འཕྲལ་ཕུགས་རྒྱང་གསུམ་ལ་གནོད་ཀྱི་ཡོད་པས། ས་གནས་མི་མང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པ་རེད། ༤ རྒྱ་ནག་གི་ཁྲིམས་ནང་དུ་ཡང་ཁོར་ཡུག་སྲུང་སྐྱོབ་དགོས་ཀྱི་ཡོད་པ་གསལ་པོ་རེད། མི་མང་གིས་མོས་མཐུན་དགོས་པ་དེ་སྔོན་ནས་ཁོ་རང་ཚོས་གསུང་གི་ཡོད་རེད། དེ་ཚོ་ལག་བསྟར་མ་བྱས་ནས་ཉེ་ཆར་ཨ་མཆོག་ནས་ངོ་རྒོལ་བྱས་ཡོང་སྐབས། རྒྱ་ནག་གཞུང་ལ་ཁྲིམས་དང་མཐུན་པ་དང་ཡ་རབས་བཟང་སྤྱོད་དང་མཐུན་པའི་འགྲེལ་བཤད་རྒྱག་རྒྱུ་མེད་པས། ཉེ་ཆར་ས་གནས་ནས་རྒྱ་ནག་གི་གསལ་བསྒྲགས་ནང་ཕྱི་ནང་ལག་པ་མཉམ་འབྲེལ་བྱས་ནས་ངོ་རྒོ་བྱེད་ཀྱི་འདུག་ཟེར། བོད་མིའི་སྒྲིག་འཛུགས་དང་ལག་འབྲེལ་མེད་པ་བརྗོད་མ་དགོས་པ་ཞིག་རེད། ད་ལྟ་བར་དུ་བོད་ནང་ལས་འགུལ་དེ་འདྲ་མང་པོ་བྱུང་བ་ཚང་མ་བོད་ནང་ནས་བོད་མི་ཚོས་ང་ཚོར་བསྙེས་བཅོས་གཏོང་གི་འདུག གདུག་རྩུབ་བྱེད་ཀྱི་འདུག དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་ངོ་རྒོལ་བྱུང་བ་ཞིག་རེད། བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་སྒྲིག་འཛུགས་བྱུང་བ་དེ་ཡང་བོད་དེ་ཧམ་བཤད་བྱས་ནས། རྒྱ་ནག་གིས་ཟོས་པ་ལ་བརྟེན་ནས་བཙན་བྱོལ་ལ་སླེབས་པ་ལས། བཙན་བྱོལ་ལ་དེའི་སྔོན་ནས་ཡོད་བཞིན་ཕར་ལག་འབྲེལ་བྱས་ཏེ། སྐྱོན་བཙུགས་པ་ཞིག་རྩ་བ་ནས་བྱུང་ཡོད་པ་མ་རེད། བོད་མི་ཚོའི་བདེ་སྡུག་དང་མངོན་འདོད་བསྒྲུབ་རྒྱུར་བོད་མིའི་སྒྲིག་འཛུགས་ལ་འགན་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོག་བྱས་ནས་སྐྱོན་བརྗོད་བྱས་པ་དེར་ངོས་ལེན་མེད། ཁོང་རང་ཚོར་ཁྲིམས་དང་ཁོར་ཡུག་ཐོག་ནས་འགྲེལ་བཤད་མེད་པས། ཕྱི་དང་ལག་འབྲེལ་བྱས་ནས་ངོ་རྒོལ་བྱེད་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་གསུང་དོན། “ངོ་རྒོལ་བྱེད་མཁན་ཚོར་རྡུང་རྡེག་དང་འཛིན་བཟུང་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག གཞུང་ཞིག་གི་གསལ་བསྒྲགས་ནང་ཞི་བའི་ཐོག་ནས་ལས་འགུལ་དང་ངོ་རྒོལ་བྱས་པ་ཙམ་གྱིས། རྡུ་རྡེག་དང་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར་ན། འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་དང་འགལ་བ་རེད། ད་དུང་འདུ་འཛོམས་བྱས་པ་དེའི་རིགས་འཛིན་བཟུང་བྱེད་རྒྱུ་ཡིན་ལབ་འདུག མི་ཞིག་ལ་རང་བཞིན་གྱི་ཐོབ་ཐང་འདུ་འཛོམས་དང་། གཏམ་བརྗོད་རང་དབང་ཡོད་རེད། དེ་ཚོ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་རེད་”ཅེས་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་རང་གི་ཁྲིམས་དང་ཡང་འགལ་ཡོད་སྐོར་གསུངས་སོང་།
གསར་འགོད་གསལ་བསྒྲགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱ་མཚན་གྱིས་བོད་ནང་༢༠༠༩ ལོ་ནས་ཤེས་རྟོགས་བྱུང་བ་ཁོར་ཡུག་སྲུང་སྐྱོབ་ཀྱི་ངོ་རྒོལ་ལས་འགུལ་སུམ་ཅུ་ལྷག་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་སོང་ལ། དེ་བཞིན་བོད་ཀྱི་གནས་རི་སྲུང་སྐྱོབ་བྱེད་པའི་ལུགས་སྲོལ་དེར་རྒྱལ་སྤྱིའི་ཞིབ་འཇུག་པ་མང་པོའི་ཁོར་ཡུག་སྲུང་སྐྱོབ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྙན་ཐོ་མང་པོ་བཏོན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
བོད་ཨ་མདོ་བསང་ཆུ་རྫོང་ཨ་མཆོག་གི་བླ་རིར་གཏེར་ཁ་སྔོག་འགོ་བཙུགས་ནས། ལོ་༡༢ ཙམ་འགྲོ་ཡི་ཡོད་པ་དང་། དེའི་རིང་བོད་མིའི་ངོ་རྒོལ་ལས་འགུལ་ཡང་མང་པོ་བྱུང་ཡོད་པའི་ནང་ནས། ཚེ་རིང་དོན་གྲུབ་( ལོ་༣༤ ༢༠༡༢།༡༡།༢༠ )དང་དཀོན་མཆོག་ཚེ་རིང་(ལོ་༡༨ དང་༢༠༡༡།༡༡།༢༦ )གཉིས་ནས་གཏེར་ཁ་བསྔོག་སའི་ས་ཚིགས་དེར་རང་ལུས་མེར་སྲེག་གི་རྒྱ་ནག་ལ་ངོ་རྒོལ་བྱས། ཚུལ་ཁྲིམས་རྒྱ་མཚོ་(ལོ་༤༤ དང་ ༢༠༡༣།༡༢།༡༩ )ནས་རང་ལུས་མེར་སྲེག་ངོ་རྒོལ་བྱས་ཏེ་གནས་རིར་གཏེར་ཁ་བསྔོགས་ནས་མི་མང་གི་སེམས་ལ་སྡུག་བསྔལ་ཆེན་པོ་བཟོས་པའི་སྐོར་ཁ་ཆེམས་ནང་བཞག་ཡོད་པ་རེད།
2016-5-31ནས་མི་མང་འདུ་འཛོམས་གྱིས་“བོད་ཡུལ་ལ་སྲུང་སྐྱོབ་བྱོས། ཁོར་ཡུག་ལ་སྲུང་སྐྱོབ་བྱོས། བླ་རི་ལ་སྲུང་སྐྱོབ་བྱོས། མི་དམངས་ལ་བདེ་འཇགས་དགོས་”འབོད་ཚིག་བསྒྲགས་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས། (2016/6/4) ཉིན་རྒྱ་ནག་གིས་དྲག་གནོན་བྱས་ཏེ་མི་མང་པོ་རྨས་སྐྱོན་བྱུང་བ། མི་དྲུག་འཛིན་བཟུང་དང་མི་གཉིས་རྨས་སྐྱོན་ཚབས་ཆེན་ཐེབས། འཛིན་བཟུང་བྱས་པའི་མི་དྲུག་ཆ་རྐྱེན་འོག་གློད་དཀྲོལ་བཏང་ཡོད་འདུག
(2016/6/3 ཉིན་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་མི་དམངས་སྲིད་གཞུང་ནས་གསལ་བསྒྲགས་སྤེལ་བའི་ནང་། མི་དམངས་རྣམས་པ་ཉེ་ཆར་ང་ཚོས་གྲོལ་བརྡལ་ནང་ལ་བསམ་བློ་མ་རུངས་པ་དང་དམིགས་ཡུལ་ངན་པ་ཁྱེར་མཁན་ཁ་ཤས་ཤིག་ནས་འཆར་གཞི་དང་གོ་སྒྲིག་བྱས་ཏེ། མི་དམངས་མགོ་མ་ཚོས་མཁན་མང་པོ་ཞིག་བླ་རིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཁྱེར་ནས་ཁྲིམས་འགལ་ཐོག་མི་བརྒྱ་ཕྲག་མང་པོ་འཛོམས་ནས་གསེར་གྱི་གཏེར་ཁ་བསྔོག་ས་དེར་ཐེངས་མང་ལས་ཀ་བཀག་འགོག་བྱས་སོང་། དེ་དང་མ་ཚད་ཕྱི་ལོགས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཕྱོགས་ཁག་དང་ཕྱི་ནང་ལག་པ་མཉམ་འབྲེལ་བྱས་ནས་དངོས་ཡོད་གནས་ཚུལ་རྫུན་བཟོ་དང་དཀྲོག་གཏམ་སྤེལ་ནས་ཤུགས་རྐྱེན་ངན་པ་དང་རྫབ་ཆེན་ཆགས་སོང་། མི་སྣ་གཙོ་བོ་རྣམས་ལ་རྡུང་བརྡེག་དང་འཛིན་བཟུང་བྱེད་ཀྱི་ཡིན། ཁོ་ཚོ་མགོ་སྐོར་འོག་ཚུད་པའི་མི་དམངས་ཁ་ཤས་དགོན་པའི་གཡས་གཡོན་ལ་འཛོམས་ཀྱི་འདུག དེ་ནི་རྫབ་ཆེན་དང་ཁྲིམས་འགལ་གྱི་ལས་ཀ་ཞིག་རེད། ཚང་མས་སོ་སོ་བསམ་བློ་འཁོར་བའི་ཐོག་རྫུན་མ་དང་བདེན་པ་དབྱེ་བ་ཤེས་ཐུབ་པ་གྱིས། ཁྲིམས་འགལ་གྱི་འདུ་འཛོམས་དེ་རིགས་ལ་མཉམ་བཞུགས་མ་བྱེད་མ་གཏོགས་གནས་ཚུལ་ཇི་བྱུང་འགན་སོ་སོའི་ཁུར་དགོས་ཞེས་སྤེལ་ཡོད་པ་རེད།
2016-5-4 ཉིན་ཁམས་མི་ཉག་ལྷ་སྒང་གར་རྒྱས་ཁ་རུ་ (དར་མདོ་རྫོང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ) གཏེར་ཁ་ལི་(Lithium) བསྔོགས་པར་བརྟེན། དུག་ཆུ་གློད་ནས་ས་གནས་རྒྱུག་ཆུ་ནང་ཉ་མང་རྡེབས་ཤི་ཐེབས་པ་དང་། ས་གནས་མི་མང་ལ་དཀའ་ངལ་འཕྲད་པས། མི་མང་འདུ་འཛོམས་ཀྱིས་“ཕ་ཡུལ་ལ་གཏོར་བརླག་གཏོང་མི་ཆོག ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་”ཞེས་འབོད་ཚིག་བསྒྲགས་ཏེ། རྒྱ་གཞུང་ལ་ངོ་རྒོལ་སྐབས། ས་གནས་སུ་ཉེན་རྟོག་པ་དང་དམག་མི་བཏང་ནས་འཇིགས་སྐུལ་རིམ་པ་བྱས་མཐར། གནས་སྐབས་གཏེར་ཁ་བསྔོག་མཚམས་བཞག་ཡོད་ནའང་། དེ་སྔོན་ཡང་གཏེར་ཁ་བསྔོགས་ནས་དཀའ་ངལ་མང་པོ་འཕྲད་པ་དང་། རྒྱ་ནག་གིས་གཏེར་ཁ་སྔོག་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཀྱང་། རྗེས་སུ་ཡང་བསྐྱར་སྔོག་གི་ཡོད་པས། ད་ལྟ་ཡང་ཡིད་ཆེས་བྱེད་ཆོག་གི་མ་རེད་ཅེས་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱ་མཚན་གྱིས་འགྲེལ་བརྗོད་བྱས་སོང་།
གཏེར་ཁ་སྔོག་འདོན་དེ་༢༠༠༥ ལོ་ནས་འགོ་འཛུགས་བྱས་པ་དང་། ༢༠༡༡ ལོར་དུག་ཆུ་གློད་ནས་རྟ་ཟོག་མང་པོ་ཤི་བ་དང་། ༢༠༡༣ ལོར་ཡང་གནས་ཚུལ་མང་པོ་བྱུང་ཡོད་ནའང་། གནས་སྐབས་རེར་གཏེར་སྔོག་མཚམས་འཇོག་ལས། མི་མང་ལ་གུན་གསབ་དང་། ས་ཆ་སྲུང་སྐྱོབ་གང་ཡང་བྱེད་ཀྱི་མེད་པ་རེད།
༢༠༡༤ ལོའི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བོད་མི་ཡང་གླིང་རྡོ་རྗེས་བོད་རིག་པ་ཞིབ་འཇུག་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོའི་སྟེང་གི་གསུང་བཤད། “འདས་པའི་ལོ་འགའི་ནང་རྒྱ་ནག་ནང་ལོགས་ས་ཁུལ་གྱི་ཁེ་ལས་ཁག་གིས་བོད་རིགས་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་དུ་གཏེར་ཁ་ཁོ་ན་རྐོ་བ་ཙམ་ལས་སྐྱེ་ཁམས་ཀྱི་གནད་དོན་ལ་བསལ་བློ་མི་གཏོང་བ་དང་། དེ་བཞིན་ས་གནས་ཀྱི་མི་དམངས་རྣམས་ལ་ཕན་ཐོགས་མིན་གྱི་གནད་དོན་ལའང་བསམ་བློ་གཏོང་གི་མི་འདུག གནད་དོན་འདིའི་རིགས་ད་ལྟ་ད་དུང་ལྷགས་བསྡད་ཡོད། བོད་ཁུལ་དུ་ཆུ་གློག་གསར་སྤེལ་སྐབས། ཞིང་པ་མང་པོའི་རྩ་ཆེ་བའི་ས་ཞིང་ཤོར་འགྲོ་ཡི་ཡོད་པ་རེད། ཡིན་ནའང་ས་ཞིང་ཤོར་རྗེས་ཁོང་ཚོ་རྒྱུན་མཐུད་ཀྱི་འཕེལ་རྒྱས་བྱེད་ཐུབ་མི་ལ་བསམ་བློ་བཏང་བ་ཧ་ཅང་ཉུང་ཞིང་། ཁ་གསབ་ལམ་སྲོལ་འཐུས་ཚང་མེད་པ་རེད། ཆུ་གློག་གསར་སྤེལ་བྱས་རྗེས་ས་གནས་མི་དམངས་རྣམས་ལ་ཁེ་ཕན་གང་ཡང་མི་འདུག་ལ། ས་གནས་རང་གི་དཔལ་འབྱོར་དང་ཁྲལ་བསྡུ་བཅས་ཀྱི་ཕྱོགས་ལ་ཡང་ཕན་པ་ཧ་ཅང་ཉུང་། འོན་ཀྱང་ཁེ་ཕན་ཐོབ་མཁན་ཐོན་འབྱེད་ཚོང་པ་དང་ཁེ་ལས་པ་དེ་དག་ཡིན་པ་རེད།” ཅེས་གསུངས། དེ་བཞིན་བོད་ཀྱི་ས་གནས་མང་པོའི་ནང་བོད་ནང་གི་བོད་ཀྱི་མཁས་པ་དང་། མི་མང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་རྒྱ་ནག་གཞུང་ལ་རེ་སྐུལ་དང་ངོ་རྒོལ་ག་ཚོད་བྱས་ཀྱང་། ཡ་ལན་གྱི་ཚབ་ཏུ་འཇིགས་སྐུལ་དང་དྲག་གནོན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
༡༽ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་ཁྲིམས་དང་འགལ་བ།
- མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་ནང་། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་བྱས་པའི་འོག མི་རིགས་ས་ཁུལ་གྱི་ཁྱད་ཆོས་དང་དགོས་མཁོར་བཅས་ལ་བསྟུན་ནས། དཔལ་འབྱོར་འཛུགས་སྐྲུན་གྱི་བྱེད་ཕྱོགས་སྲིད་ཇུས་དང་འཆར་གཞི་བཅས་བཟོ་དགོས།
- རྒྱ་ནག་གི་གཏེར་ཁ་སྔོག་འདོན་སྐོར་གྱི་རྩ་ཁྲིམས་དོན་ཚན་བཅུ་པའི་ནང་། རང་སྐྱོང་ས་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སྤེལ་བའི་སྐབས་སུ་སྲིད་གཞུང་གི་ས་གནས་མི་དམངས་ཀྱི་ཁེ་ཕན་ལ་བསམ་ཞིབ་དང་ས་གནས་ཀྱི་གནས་སྟངས་དང་མཐུན་པའི་ཐོག་བྱེད་དགོས།
- 2003 ལོར་རྒྱ་ནག་གཞུང་གི་གཏེར་ཁ་སྔོག་འདོན་མ་བྱས་སྔོན་དུ་ལས་གཞི་དེའི་དགེ་སྐྱོན་ཇི་ཡོད་སྐོར་ཞིབ་འཇུག་མཐུལ་ཕྱིན་པ་བྱེད་དགོས་ཞེས་རྩ་ཁྲིམས་ཀྱི་དོན་ཚན་ལྔ་པ་ནང་འཁོད་ཡོད།
- དེ་བཞིན་ཆུ་འབག་བཙོག་དམ་འཛིན་དང་འགོག་ཐབས་ཀྱི་རྩ་ཁྲིམས་དོན་ཚན་85 པའི་ནང་འཁོད་དོན། སུ་ཞིག་གི་ཆུ་འབབ་བཙོག་བཟོས་ནས་ས་གནས་ཀྱི་མི་དམངས་ལ་དཀའ་ངལ་འཕྲད་ན། དེའི་བྱེད་པ་པོའི་ཆུ་སླར་གཙང་གསོ་བྱེད་རྒྱུ་དང་གུན་སྲབ་སོགས་བྱེད་དགོས།