རྒྱ་ནག་གི་མཁའ་རླུང་འབག་བཙོག་ཉུང་དུ་ཕྱིན་འདུག

ཟླ་༣ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མཁའ་དབྱིངས་རྟོག་ཞིབ་ལས་ཁང་གི་འཕྲུལ་སྐར་གྱིས་བླངས་པའི་པར་དག་ལས། རྒྱ་ནག་ནང་ཏོག་དབྱིབས་ནད་དུག་འགོ་ཁྱབ་ཀྱི་ཛ་དྲག་གནས་སྟངས་ཆགས་པའི་རྗེས་སུ། རྒྱ་ནག་གི་བཟོ་གྲྭའི་བྱེད་སྒོ་ཉུང་དུ་ཕྱིན་ཡོད་པས། མཁའ་རླུང་འབག་བཙོག་གི་ཚད་གཞི་ཧ་ཅང་གི་ཆུང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་འདུག

དེ་ཡང་མཁའ་དབྱིངས་རྟོག་ཞིབ་ལས་ཁང་གི་ཚན་རིག་པས། རྒྱ་ནག་གི་མཁའ་རླུང་ནང་བཟོ་གྲྭ་དང་སྣུམ་འཁོར་ཁག་ནས་ཐོན་གྱི་ཡོད་པའི་གནོད་ཚབས་ཅན་གྱི་དུག་རླུང་nitrogen dioxide ཞེས་པ་དེའི་འབོར། ལོ་སྔོན་མའི་ཟླ་དང་པོ་གཉིས་པ་དང་། ལོ་འདིའི་ཟླ་དང་པོ་གཉིས་པ་བར་བསྡུར་ན་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་དང་། དེ་ཡང་ཏོག་དབྱིབས་ནད་དུག་ཐོག་མར་ཐོན་ཡུལ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་དུག་རླུང་དེ་ཉུང་དུ་ཕྱིན་ཡོད་པ་དང་། རྗེས་སུ་རྒྱ་ནག་རྒྱལ་ཡོངས་སུ་དུག་རླུང་དེ་ཉུང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་སྐོར་བརྗོད་འདུག

དེ་བཞིན་ཚན་རིག་པས་ཕྱི་ལོ་༢༠༠༨ ལོར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཕྱིན་སྐབས། མཁའ་རླུང་འབག་བཙོག་ཆུང་དུ་ཕྱིན་ཡོད་པ་དོ་སྣང་བྱུང་ཡང་། སྐབས་དེར་བརྒྱུད་རིམ་དེ་དལ་བུ་ཡིན་པ་དང་། ཐེངས་འདིར་རྒྱ་ནག་ནང་མཁའ་རླུང་འབག་བཙོག་ཉུང་དུ་འགྲོ་བའི་བརྒྱུད་རིམ་དེ་ནི་གློ་བུར་དང་ས་གཞི་ཆེན་པོ་ཞིག་ལ་ལམ་སེང་ཁྱབ་ཡོད་པ། ནམ་རྒྱུན་རྒྱ་ནག་གི་ལོ་གསར་སྐབས་སུ་མཁའ་རླུང་འབག་བཙོག་གི་ཚད་གཞི་ཆུང་དུ་འགྲོ་ཡི་ཡོད་ཀྱང་། ལོ་གསར་རྗེས་སུ་ཚད་གཞི་བསྐྱར་དུ་འཕར་གྱི་ཡོད་པ། ཐེངས་འདིར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་འབག་བཙོག་ཉུང་དུ་འགྲོ་བའི་དུས་ཚོད་རྒྱུན་རིང་བ་གནས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་ཁྱོན་བསྡོམས་༣༠༠༠ ལས་མང་བ་བྱུང་ཡོད་ཁར། དེའི་ཁོངས་རྒྱ་ནག་ནང་མི་གྲངས་༢༩༡༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། རྒྱལ་སྤྱིའི་ནང་ནད་དུག་འཕོག་མཁན་༨༨,༠༠༠ ལས་མང་བ་ཡོད་པའི་ཁོངས་སུ། རྒྱ་ནག་ནང་ནད་དུག་འཕོག་མཁན་མི་གྲངས་༨༠,༠༠༠ ལས་མང་བ་ཡོད་པ་རེད་འདུག

ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་ཅིག་གིས་རྒྱ་ནག་ནང་གི་ལས་ཁུངས་གནས་སྐབས་སྒོ་རྒྱག་རྒྱུ་གསལ་བསྒྲགས་བྱས་ཡོད་ཁར། ཨེ་ཤི་ཡ་གཙོས་པའི་རྒྱལ་སྤྱིའི་མ་རྐང་ཁྲོམས་རའི་རིན་གོང་ཆུང་དུ་འགྲོ་བཞིན་ཡོད་པས། ཕྱི་ལོ་༢༠༠༨ ལོའི་དཔལ་འབྱོར་ཉམས་རྒུད་ལྟ་བུའི་དཀའ་ངལ་འཕྲད་པའི་ཉེན་ཁ་ཡོད་འདུག་ཀྱང་། ཉི་ཧོང་གི་དབུས་དངུལ་ཁང་གིས་རྒྱལ་སྤྱི་དང་ཨེ་ཤི་ཡའི་མངའ་ཁུལ་གྱི་ཁྲོམས་རའི་འཕེལ་ཕྱོགས་ལ་རྟོག་ཞིབ་ནན་པོ་བྱས་ཏེ། ཁྲོམས་རར་དགོས་ངེས་ཀྱི་མཐུན་སྦྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པས། གསལ་བསྒྲགས་དེ་ལ་བརྟེན་ནས་ཨེ་ཤི་ཡའི་མ་རྐང་ཁྲོམས་རའི་རིན་གོང་ཡར་འཕར་འདུག དེ་བཞིན་ཨ་རིས་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམས་ར་ཉམས་རྒུད་མི་འགྲོ་བའི་ཆེད་དུ་མཐུན་སྦྱོར་བྱེད་རྒྱུ་ཁས་ལེན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།