རྒྱ་ནག་གི་མཉེན་ཆས་གསར་པ་དེ་རྒྱལ་ཁབ་བརྒྱད་དང་ཚོགས་སྡེ་ཁག་གིས་བཀག་འདུག
རྒྱ་ནག་གིས་བཟོས་པའི་མིས་བཟོས་རིག་ནུས་དེ་སྐད་གྲགས་ཆེན་པོ་ཆགས་ཡོད་ཀྱང་། རྒྱ་ནག་གི་ཁྲིམས་ཐོག་ནས་ས་གནས་དཔོན་པོ་ཚོས་རེ་སྐུལ་བྱས་ན། བཟོ་ཚོང་ཁང་ཁག་གིས་གནས་ཚུལ་མཉམ་སྤྱོད་བྱེད་དགོས་ཤིང་། རྒྱ་ནག་གི་མིས་བཟོས་རིག་ནུས་བེད་སྤྱོད་གཏོང་མཁན་དག་གི་གནས་ཚུལ་རྒྱ་གཞུང་ལ་བརྒྱུད་སྤྲོད་བྱས་ཏེ་མི་སྒེར་དང་ཚོགས་སྡེ་ཁག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་དབང་གིས། ད་ལྟའི་ཆར་རྒྱལ་ཁབ་བརྒྱད་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གི་མིས་བཟོས་རིག་ནུས་ཁྲིམས་ཐོག་ནས་བེད་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་འདུག

ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་མིས་བཟོས་རིག་ནུས་(Deepseek) ཞེས་པ་རྒྱལ་སྤྱིའི་ཁྲོམ་རར་ཐོན་པ་ནས་བཟུང་། ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ཕབ་ལེན་བྱེད་མཁན་ས་ཡ་མང་པོ་བྱུང་ཞིང་། འཛམ་གླིང་ཁྱོན་ཡོངས་སུ་སྐད་གྲགས་ཕྱིིན་ཡོད་ན་ཡང་། རྒྱ་ནག་གི་ནང་། ས་གནས་དཔོན་པོ་ཚོས་རེ་སྐུལ་བྱས་ན། བཟོ་ཚོང་ཁང་དག་གིས་གནས་ཚུལ་མཉམ་སྤྱོད་(Share) བྱེད་དགོས་པའི་ཁྲིམས་ཡོད་པར་བརྟེན། རྒྱ་ནག་གི་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱེད་མཁན་དག་གི་གསང་བའི་གནས་ཚུལ་རྒྱ་གཞུང་ལ་མཁོ་སྤྲོད་བྱེད་སྲིད་པ་དང་། མཉེན་ཆས་བེད་སྤྱོད་གཏོང་མཁན་སྒེར་དང་ཚོགས་སྡེ་ཁག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་དབང་གིས། ད་ལྟའི་ཆར་རྒྱ་གར་དང་ཐའེ་ཝན། ཨོ་གླིང་སོགས་རྒྱལ་ཁབ་བརྒྱད་ཀྱིས་མཉེན་ཆས་དེ་བེད་སྤྱོད་བྱེད་པར་བཀག་སྡོམ་བྱས་ཡོད་འདུག
ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཚུལ་བཤད་ནས་རྒྱ་ནག་གི་མིས་བཟོས་རིག་ནུས་དེ་གཞུང་གི་གློག་ཀླད་སོགས་མཉེན་ཆས་ནང་ཕབ་ལེན་དང་། བཀོལ་སྤྱོད་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་སྲིད་བློན་ཆེན་གྱིས་མཉེན་ཆས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་སེམས་ཁྲལ་གྱིས་བཀག་སྡོམ་བྱས་པ་ལས། དེ་རྒྱ་ནག་གི་མཉེན་ཆས་ཤིག་ཡིན་པའི་རྒྱུ་མཚན་གྱིས་བཀག་སྡོམ་བྱས་པ་ཞིག་མིན་ཞེས་བརྗོད་འདུག
ཟླ་འདིའི་ཚེས་༥ ཉིན་རྒྱ་གར་གྱི་དཔལ་འབྱོར་ལས་ཁུངས་ཀྱིས། གཞུང་གི་གསང་བའི་གནས་ཚུལ་དང་འབྲེལ་བའི་རྒྱུ་མཚན་གྱིས། ལས་བྱེད་ཚོར་གཞུང་འབྲེལ་གྱི་ལས་དོན་ཆེད་ཨ་རིའི་(ChatGPT) དང་རྒྱ་ནག་གི་(Deepseek) ལྟ་བུའི་མིས་བཟོས་རིག་ནུས་བེད་སྤྱོད་བྱེད་རྒྱུར་མཚམས་འཇོག་བྱེད་དགོས་པ་དང་། དེ་ལྟ་བུའི་སྡིངས་ཆ་བེད་སྤྱོད་བྱས་ན་གཞུང་གི་ཡིག་ཆ་དང་གནས་ཚུལ་གསང་རྒྱ་ཤོར་གྱི་ཡོད་པར་བརྗོད་འདུག
དེ་བཞིན་ཐའེ་ཝན་གྱིས་གསང་བའི་གནས་ཚུལ་ཤོར་ཉེན་སོགས་ལ་སེམས་ཁྲལ་བྱས་ཏེ། གཞུང་གི་ལས་ཁུངས་ཁག་དང་། གལ་ཆེན་གྱི་རྨང་གཞིའི་མཐུན་རྐྱེན་མཁོ་སྤྲོད་བྱེད་མཁན་ཚོས་རྒྱ་ནག་གི་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱེད་རྒྱུ་ལ་བཀག་སྡོམ་བྱས་ཤིང་། ཐའེ་ཝན་གྱི་བརྡ་འཕྲིན་ལྷན་ཁང་གིས་(AI) ཡོ་བྱད་དེ་རྒྱ་ནག་གི་དབང་འཛིན་པ་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་ཡོད་པ་ནན་བརྗོད་བྱས་ཡོད་འདུག
ཨི་ཊ་ལིའི་གཞུང་གིས་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཆེད། ཁ་པར་སོགས་ཀྱི་བཀོལ་སྤྱོད་གསོག་མཛོད་(APP STORE) ནས་མེད་པ་བཟོས་ཡོད་ཅིང་། ད་ལྟའི་ཆར་བཟོ་ཚོང་ཁང་གི་གནས་ཚུལ་བསྡུ་ལེན་བྱེད་སྟངས་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག
དེ་བཞིན་ལྷོ་ཀོ་རི་ཡའི་ནང་། སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཚོགས་པས་རྒྱ་ནག་གི་མིས་བཟོས་རིག་ནུས་བཟོ་ཚོང་ཁང་ལ། མཉེན་ཆས་དེ་སྤྱོད་མཁན་ཚོའི་གནས་ཚུལ་སྟངས་འཛིན་བྱེད་སྟངས་ཐད་གསལ་བཤད་བྱེད་དགོས་པའི་རེ་སྐུལ་ཞུས་རྗེས། ཟླ་འདིའི་ཚེས་༦ ཉིན། ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལས་ཁུངས་ཀྱིས་དམག་མིའི་གློག་ཀླད་ཚང་མའི་ནང་རྒྱ་ནག་གི་མིས་བཟོས་རིག་ནུས་བཀོལ་སྤྱོད་མི་ཆོག་པའི་གསལ་བསྒྲགས་བཏང་ཡོད་འདུག
ཨ་རིའི་མཚོ་དམག་གིས་རྒྱ་ནག་གི་མིས་བཟོས་རིག་ནུས་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་པ་མ་ཟད། ཨ་རིའི་(Texas) མངའ་སྡེ་ནི་རྒྱ་ནག་གི་མིས་བཟོས་རིག་ནུས་བཀག་སྡོམ་བྱེད་མཁན་མངའ་སྡེ་དང་པོ་དེ་ཆགས་ཡོད་འདུག
གཞན་ཡང་། ཧྥ་རན་སི་དང་སྦེལ་འཇམ། ཧོ་ལན་ཌི་དང་ཨར་ལན་ཌི(Ireland) བཅས་ཀྱིས་ཀྱང་རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱིས་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་ཐོག་ལ་དོགས་པ་དང་སེམས་འཚབ་བྱེད་བཞིན་ཡོད་འདུག བདེ་འཇགས་ཞིབ་འཇུག་པ་ཚོས་རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱིས་(Login information) ཞེས། ཁ་བྱང་དང་གསང་གྲངས་བླུགས་པ། དེ་བཞིན་མཛུབ་མོའི་དཔར་རྗེས་བཅས་ཀྱིས་མཉེན་ཆས་སྒོ་འབྱེད་སྐབས་གནས་ཚུལ་རྣམས་རྒྱ་ནག་གཞུང་གི་རྒྱང་འཕྲིན་(Telecommunication) ཁང་ལ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་པ་དང་། རྒྱ་གཞུང་གི་རྒྱང་འཕྲིན་ཁང་དེ་ཨ་རིའི་ནང་དེ་སྔ་ནས་བཀག་སྡོམ་བྱས་ཡོད་འདུག ལྷག་ཏུ་རང་གི་མཛུབ་རྗེས་དེ་བེད་སྤྱོད་བྱེད་སའི་ཁ་པར་སོགས་ཚང་མའི་གནས་ཚུལ་རྒྱ་ནག་གིས་སྔོག་བཤེར་ཐུབ་པའི་ནུས་པ་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།