རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཀག་འགོག་དགོས་པའི་རེ་སྐུལ།

ཟླ་འདིའི་ཚེས་༡ ཉིན་HT TECH ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྤྱི་མང་འབྲེལ་ལམ་ལྷན་ཚོགས་(Federal Communications Commission) ཀྱིས་ཟླ་འདིའི་ཚེས་༨ ཀྱི་སྔ་རོལ་དུ་ཊིག་ཊོག་Tik Tok མཉེན་ཆས་དེ་ཉིད་གྷུ་གྷལ་དང་ཀུ་ཤུའི་བཀོལ་སྤྱོད་གསོག་འཛོད་(App store) ནས་མེད་པ་བཟོ་དགོས་པའི་རེ་སྐུལ་བྱས་འདུག

Tik Tok ཞེས་པའི་མཉེན་ཆས་དེ་ཡི་བདག་པོ་ནི་རྒྱ་ནག་གི་བཟོ་ལས་ཁང་ByteDance ཞེས་པ་དེ་ཡིན་པ་དང་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་སྐབས་སུ་མཉེན་ཆས་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་གླེང་སློང་གིས་བཀག་ཐབས་བྱས་ཀྱང་ལེགས་གྲུབ་བྱུང་མི་འདུག

ཨ་རིའི་ནང་དུ་མཉེན་ཆས་དེ་ཕབ་ལེན་བྱེད་མཁན་ས་ཡ་མང་པོ་ཡོད་པ་དང་། ལོ་འདིའི་ཐོག་མའི་ཟླ་བ་བཞི་ཁོ་ནའི་ནང་དུ་ཡང་མཉེན་ཆས་དེ་ཕབ་ལེན་ཐེངས་ས་ཡ་བཅུ་དགུ་ལྷག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

མཉེན་ཆས་དེས་ཁ་པར་གྱི་ནང་དུ་ཡོད་པའི་པར་དང་བརྙན་དང་དེ་བཞིན་ཡི་གེ། ཁ་པར་ནང་གནས་ཚུལ་ཅི་ཞིག་འཚོལ་བའི་ཐོ་སོགས་གནས་ཚུལ་མང་པོ་མཁོ་སྒྲུབ་བྱེད་བཞིན་ཡོད་པ་དང་། དེ་ནི་བརྙན་སྟོན་བྱེད་ཀྱི་མཉེན་ཆས་ཙམ་མ་ཡིིན་པ་ཚོར་བ་རྣོན་པོ་ཡོད་པའི་གནས་ཚུལ་མང་པོ་རྒྱ་ནག་ལ་རག་བཞིན་ཡོད་པའི་གནས་ཚུལ་འདུག

ཕྱི་ལོ་༢༠༢༠ ལོར་མང་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་འདོད་པའི་རྒྱ་གར་གྱིས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་མིང་འོག་ནས་Tik Tok གཙོས་པའི་མཉེན་ཆས་དུ་མ་ཞིག་བཀག་སྡོམ་བྱས་ཡོད་ལ། ཨ་རིས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་མཐོང་ནས་མཚོ་དམག་དང་གནམ་དམག་སོགས་དམག་སྡེའི་ཡན་ལག་ཁག་གིས་མཉེན་ཆས་དེ་རང་ཉིད་ཀྱི་ཁ་པར་ནས་མེད་པ་བཟོས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་རུ་གནས་ཚུལ་སྤེལ་གསལ་ལྟར་ན་པ་ཀི་སི་ཐན་གྱི་ནང་དུ་མཉེན་ཆས་དེ་བཀག་ཐབས་ཐེངས་བཞི་ཙམ་བྱས་ཡོད་པ་དང་། ཧིན་དྷུ་ན་ཤི་ཡ་སོགས་ཀྱིས་ཀྱང་མཉེན་ཆས་དེ་བཀག་ཐབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Share this:

Leave a Reply