རྒྱ་ནག་གི་མཉེས་ཆས་གསར་པས་བོད་དང་ཐའེ་ཝན་སོཌ་ཀྱི་སྐོར་རྒྱ་གཞུང་གི་དྲིལ་བསྒྲགས་ལྟར་ལན་རྒྱག་གི་ཡོད་འདུག

ཉེ་ཆར་བཏོན་པའི་རྒྱ་ནག་གི་མིས་བཟོས་རིག་ནུས་མཉེན་ཆས་གསར་པ་དེ་ནི་ཨ་རི་སོགས་ཀྱིས་བཟོས་པའི་མིས་བཟོས་རིག་ནུས་ལྟར། མགྱོགས་ཚད་དང་ནུས་པ་གཅིག་མཚུངས་སུ་ཡོད་ན་ཡང་། མཉེན་ཆས་དེ་རིན་མེད་ཕབ་ལེན་བྱེད་ཆོག་པའི་དབང་གིས། ཨ་རི་དང་དབྱིན་ཡུལ། རྒྱ་དཀར་ནག་བཅས་ཀྱི་ནང་། ཀུ་ཤུ་རྟགས་ཅན་གྱི་བཀོལ་སྤྱོད་གསོག་མཛོད་(App store) ནང་ཕབ་ལེན་མང་ཤོས་བྱས་པའི་མཉེན་ཆས་ཤིག་ཏུ་གྱུར་ཡོད་ན་ཡང་། ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་གནད་དོན་དང་། ལྷག་པར་དུ་བོད་དང་ཐའེ་ཝན་བཅས་ཀྱི་ཐོག་རྒྱ་ནག་གི་དྲིལ་བསྒྲགས་ལྟར་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག། རྒྱ་ནག་ཏུ་སླར་ཡང་ཨ་ལི་པྰ་པྰའི་བཟོ་ཚོང་ཁང་གིས་མིས་བཟོས་རིག་ནུས་གསར་པ་ཞིག་ཐོན་ཡོད་པའི་གནས་ཚུལ་འདུག་ལ། ད་ཆར་རྒྱ་ནག་ནང་ཁུལ་དུའང་མིས་བཟོས་རིག་ནུས་འགྲན་རྩོད་ཆེན་པོ་འབྱུང་བཞིན་ཡོད་འདུག

པར། South China morning post

ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིས་མིས་བཟོས་རིག་ནུས་ཀྱི་མ་ལག་ཅིབ་སེ་(Chips) རྒྱ་ནག་ལ་བཙོང་རྒྱུར་བཀག་སྡོམ་ཐེངས་གསུམ་བྱས་ཡོད་ན་ཡང་། རྒྱ་ནག་གིས་མིས་བཟོས་རིག་ནུས་(Deepseek) ཞེས་པའི་མཉེན་ཆས་ཤིག་བཟོས་ཤིང་། མཉེན་ཆས་དེ་ནི་མིས་བཟོས་རིག་ནུས་(ChatGPT) དང་(Gemini) ་སོགས་དང་བསྡུར་ན། མགྱོགས་ཚད་དང་ནུས་པ་སོགས་གཅིག་མཚུངས་སུ་གྱུར་ཡོད་པ་མ་ཟད། ཨ་རིས་ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་མིས་བཟོས་རིག་ནུས་བཟོ་བསྐྲུན་བྱེད་ཀྱི་ཡོད་ན་ཡང་། རྒྱ་ནག་གི་མིས་བཟོས་རིག་ནུས་དེ་ཨ་སྒོར་ས་ཡ་༦ ཙམ་འགྲོ་གྲོན་བཏང་ནས་བཟོ་བསྐྲུན་བྱས་ཏེ། ད་ལྟའི་ཆར་རིན་མེད་ངང་ཕབ་ལེན་བྱེད་ཆོག་པ་སོགས་ལ་བརྟེན།

བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན། ཨ་རིའི་ཚོང་རའི་ནང་མིས་བཟོས་རིག་ནུས་སོགས་དང་འབྲེལ། འཕྲུལ་རིག་གི་ཅིབ་སེ་མ་ལག་བཟོ་ཚོང་བྱེད་མཁན་(Nvidia) ལ་ཉིན་གཅིག་གི་རིང་། ཨ་སྒོར་ཐེར་འབུམ་༦༠༠ ཙམ་གྱི་གྱོང་གུད་ཕོག་ནས་ཨ་རིའི་མ་དངུལ་ཁྲོམ་རྭའི་ལོ་རྒྱུས་ནང་ཉམས་རྒུད་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། ཨ་རིའི་འཕྲུལ་ལས་བཟོ་ཚོང་ཁང་(Alphabet) ཉིན་གཅིག་གི་རིང་། ཨ་སྒོར་ཐེར་འབུམ་༡༠༠། དང་འཕྲུལ་ལས་བཟོ་ཚོང་(Microsoft) ཡིས་ཨ་སྒོར་ཐེར་འབུམ་༧ གྱིས་གྱོང་གུད་ཕོག་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་ནི་ཨ་རི་དང་རྒྱ་ནག དེ་བཞིན་དབྱིན་ཡུལ་བཅས་ཀྱི་ནང་། ཀུ་ཤུ་རྟགས་ཅན་གྱི་བཀོལ་སྤྱོད་གསོག་མཛོད་ཀྱི་ནང་ཕབ་ལེན་མང་ཤོས་བྱས་པའི་མཉེན་ཆས་ཤིག་ཏུ་གྱུར་ཡོད་འདུག

ཨ་རིིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གིས་རིན་གོང་ཆུང་བའི་མིས་བཟོས་རིག་ནུས་ཁྲོམ་རྭར་ཐོན་པའི་གནས་ཚུལ་དེ་ནི་ཨ་རིའི་འཕྲུལ་རིག་ལས་རིགས་ལ་གཉིད་སད་བྱེད་ཀྱི་ཅོང་བརྡ་ཞིག་ཆགས་ཡོད་པ་དང་། གལ་ཏེ་རིན་གོང་ཆུང་བ་དང་འགྲོ་སོང་ཉུང་བའི་ཐོག་ནས་མཐའ་འབྲས་གཅིག་མཚུངས་ཤིག་ཡོང་གི་ཡོད་ན། དེ་ནི་ང་ཚོ་ལ་མཚོན་ན་ཡག་པོ་ཞིག་རེད་བསམ་གྱི་འདུག་ཅེས་གསར་འགོད་པར་བརྗོད་འདུག

པར། newsx

ཟླ་འདིའི་ཚེས་༢༨ ཉིན་(The Guardian) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་བཟོས་པའི་མིས་བཟོས་རིག་ནུས་དེ་འཛམ་གླིང་གང་སར་སྐད་གྲགས་འགྲོ་བཞིན་པའི་སྐབས་སུ། མི་ཚོས་མིས་བཟོས་རིག་ནུས་ལ་ཕྱི་ལོ་༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་སྐོར་དང་། རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན། ཕྱི་ལོ་༢༠༢༢ ལོར་ཧུ་ཅིན་ཐའོ་ལ་གནས་ཚུལ་ག་རེ་བྱུང་ཡོད་མེད། ཧོང་ཀོང་དུ་བྱུང་བའི་ཉི་གདུགས་སེར་པོའི་གསར་བརྗེ། ནད་ཡམས་སྐབས་ཀྱི་དམ་དྲག་ལ་ངོ་རྒོལ་སོགས་ཀྱི་ཐོག་ལ་དྲི་བ་དྲིས་པར། དེ་ནི་ངའི་ཤེས་ཚད་ལས་བརྒལ་འདུག གནས་དོན་གཞན་ཞིག་གི་ཐོག་ལ་བཀའ་མོལ་གནང་རོགས་ཞེས་ལན་བརྒྱབ་པ་དང་། བོད་དང་ཐའེ་ཝན་སོགས་ཀྱི་ཐོག་ལ་དྲི་བ་དྲིས་པའི་ལན་དུ། རྒྱ་ནག་གི་དྲིལ་བསྒྲགས་ལྟར། བོད་དང་ཐའེ་ཝན་གཉིས་ཁ་བྲལ་དུ་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པར་བརྗོད་འདུག

རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱང་ཀྲི་ཀྲོ་ཞེས་པའི་མཉེས་ཆས་དང་འདྲ་བ། བཀོལ་སྤྱོད་བྱེད་མཁན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པའི་དོགས་གཞིའི་འོག ཨ་རིའི་མཚོ་དམག་གིས་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་འདུག

མིས་བཟོས་རིག་ནུས་(Deepseek) ཞེས་པ་ནི་ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་ལྷོ་ཤར་གྱི་གྲོང་ཁྱེར་ཧང་ཀྲའོ་(Hangzhou) རུ་ལིང་ཝེན་ཕེང་(Liang Wenfeng) གིས་གསར་བཟོ་བྱས་ཡོད་པ་དང་། ཁོ་ནི་ལོ་ན་༤༠ ལ་སོན་ཞིང་། ཉེ་ཆར་ཆེད་ལས་མཁས་པ་དང་རྒྱ་ནག་གི་སྲིད་བློན་ལི་ཆང་དབར་གྱི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེལ་གསལ་ལྟར་ན། རྒྱ་ནག་ཏུ་མི་མང་ཆེ་བས་ནང་མི་མཉམ་དུ་ལོ་གསར་ལ་རོལ་བཞིན་པའི་ལོ་གསར་གྱི་ཉིན་དང་པོ་དེར། རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཚོང་ཁང་ཆེ་ཤོས་སུ་གྱུར་པའི་ཨ་ལི་བྷ་བྷ་ཞེས་པས། མིས་བཟོས་རིག་ནུས་(Qwen 2.5) ཞེས་ཐོན་གསར་པ་ཞིག་འདོན་སྤེལ་བྱས་ནས། ད་ལྟའི་ཆར་རྒྱལ་སྤྱི་དང་རྒྱ་ནག་ཏུ་སྐད་གྲགས་འགྲོ་བཞིན་པའི་མིས་བཟོས་རིག་ནུས་ཐོན་གསར་ཤོས་(Deepseek-v3) ཞེས་པ་ལས་བརྒལ་ཡོད་ལུགས་བརྗོད་འདུག ལོ་གསར་གྱི་ཉིན་དང་པོར་གསར་སྤེལ་བྱས་པ་འདིས། མིས་བཟོས་རིག་ནུས་གསར་པ་(Deepseek) ཞེས་པའི་ཡར་རྒྱས་ཀྱིས་འཛམ་གླིང་གི་འགྲན་ཟླ་ཙམ་མ་ཟད། རྒྱ་ནག་གི་འཕྲུལ་ལས་སྡེ་ཁག་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་མཚོན་གྱི་ཡོད་པར་བརྗོད་འདུག ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་དང་རྒྱ་ནག་ནང་དུའང་མིས་བཟོས་རིག་ནུས་ཀྱི་འགྲན་རྩོད་ཆེན་པོ་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།