རྒྱ་ནག་གི་མི་འབོར་འཕེལ་ཚད་མུ་མཐུད་དལ་དུ་ཕྱིན་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་ནག་གི་ལོ་སྔོན་མའི་མི་འབོར་འཕེལ་ཚད་དེ་ལོ་རྒྱུས་ནང་འབྱུང་མྱོང་མེད་པའི་དལ་དུ་ཕྱིན་པས། ཉམས་ཞིབ་པ་ཚོས་གནད་དོན་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་པའི་སྔོན་དཔག་བྱས་ཡོད་འདུག

དེ་རིང་རེས་གཟའ་ཟླ་བའི་ཉིན་ཕྱིར་བསྒྲགས་བྱས་པའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་གཞུང་འབྲེལ་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་མི་ ༡༠༠༠ རེ་ལ་བྱིས་པ་ ༧. ༥༢ རེ་ལས་སྐྱེས་མེད་པས། དེ་ནི་ཕྱི་ལོ་ ༡༩༤༩ ལོར་དམར་ཤོག་ཚོགས་པས་རྒྱ་ནག་བཟུང་བའི་རྗེས་ཀྱི་སྐྱེ་འཕེལ་གྱི་ཚད་གཞི་ཆེས་དམའ་ཤོས་དེ་ཆགས་ཀྱི་ཡོད་འདུག

འཛམ་གླིང་གི་མི་འབོར་ཨང་དང་པོ་ཡིན་པའི་རྒྱ་ནག་གི་བྱིས་པ་སྐྱེས་པའི་ཚད་དེ་ལྟར་ལོ་ངོ་བདུན་ཅུ་ཙམ་གྱི་ནང་དུ་ཆེས་དམའ་ཤོས་ཆགས་པ་དེས། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ལའང་གནོད་སྐྱོན་ཤུགས་ཆེན་ཐེབས་རྒྱུ་ཡིན་པ་མ་ཟད། མགྱོགས་མྱུར་ལོ་ན་རྒས་ནས་ངལ་རྩོལ་ནུས་ཤུགས་འཆོར་བཞིན་པའི་མི་འབོར་ལ་ལྟ་སྐྱོང་བྱེད་དགོས་པའི་སེམས་འཚབ་ཀྱང་ཆེ་རུ་འགྱུར་བཞིན་ཡོད་འདུག

མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་དེ་སེལ་བའི་སླད། རྒྱ་ནག་གིས་ཕྱི་ལོ་ ༢༠༡༥ ལོར་ལོ་ངོ་བཅུ་ཕྲག་མང་པོར་ལག་བསྟར་བྱས་པའི་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་སྒྱུར་བཅོས་བཏང་སྟེ། ཕྲུ་གུ་གཉིས་སྐྱེ་བའི་ཆོག་མཆན་སྟེར་བ་དང་། དེ་ནས་ན་ནིང་གཉེན་སྒྲིག་བྱས་པའི་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པ་བཟོས་པ་མ་ཟད། གཉེན་སྒྲིག་ཟིན་པའི་བཟའ་མི་རྣམས་ལ་བྱིས་པ་མང་ཙམ་སྐྱེ་དགོས་པའི་སྐུལ་མངགས་ཀྱང་གཏོང་འགོ་བརྩམས་ཡོད། འོན་ཀྱང་། རྒྱའི་གྲོང་ཁྱེར་ཁག་ཏུ་བྱིས་པ་གསོ་སྐྱོང་བྱེད་པའི་འགྲོ་གྲོན་ཆེ་དྲགས་པར་བརྟེན་ནས་ཁྲིམས་ཀྱི་འགྱུར་བ་དང་། སྲིད་གཞུང་གི་སྐུལ་མངགས་དེས་ཀྱང་སྐྱེ་འཕེལ་གྱི་ཚད་གཞི་མར་ལྷུང་བཞིན་པ་དེ་བཀག་འགོག་མི་ཐུབ་པའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག

རྒྱ་ནག་གི་མི་འབོར་ཉམས་རྒུད་དང་འབྲེལ་བའི་གནད་དོན་དེའི་ཐད། དཔལ་འབྱོར་ཉམས་ཞིབ་པ་ཛ་ཝི-ཧྲང་(Zhi-wei Zhang) གིས་“[རྒྱ་ནག་གི་]མི་འབོར་གྱི་དཀའ་ངལ་དེ་ཚང་མས་ཤེས་གསལ་ལྟར་རེད། ཡིན་ན་ཡང་། མི་འབོར་རྒས་པའི་ཚད་དེ་བསམ་པ་ལས་མགྱོགས་པ་ཡོད་པ་གསལ་པོ་རེད་”ཅེས་བཤད་པའི་ཐོག “གནད་དོན་འདིས་རྒྱའི་སྤྱི་ཡོངས་ཀྱི་མི་འབོར་མང་ཤོས་དེ་ ༢༠༢༡ ལོར་བྱུང་ཡོད་པ་སྟོན་གྱི་ཡོད་སྲིད་པ་ཞིག་རེད་”ཅེས་བསྣན་ཡོད་འདུག

༢༠༢༠ ལོའི་ལོ་སྨད་དུ་ཝ་ཤིན་ཏྲོན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སི་ཋན-ཨེ་མིལ་(Stein Emil Vollset) དང་། ཉམས་ཞིབ་པ་གཞན་ ༢༣ གྱིས་མཉམ་དུ་བརྩམས་ཤིང་ལཱན་ས་ཏྲི་གསོ་རིག་དུས་དེབ་(The lancet) ནང་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ་འཁོད་གསལ་ལྟར་ན། རྒྱ་ནག་གི་མི་འབོར་དེ་ཕྱི་ལོ་ ༢༠༡༧ ལོར་ཐེར་འབུམ་ ༡.༤ ཡོད་པ་ལས་ཕྱི་ལོ་ ༢༡༠༠ ལོར་ས་ཡ་ ༧༣༢ ལ་མར་འཆག་རྒྱུ་རེད་འདུག་ཅིང་། དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ ༤༨ མར་ཆག་པ་ཡིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།