རྒྱ་ནག་གི་མི་འབོར་འཕེལ་ཚད་དལ་དུ་ཕྱིན་ནས་ངལ་རྩོལ་ནུས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་གསར་ཤོས་ལྟར་ན། མི་འབོར་འཕེལ་ཚད་དེ་ལོ་ངོ་བཅུ་ཕྲག་མང་པོའི་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་བསླེབས་ཡོད་འདུག
དེ་རིང་རེས་གཟའ་མིག་དམར་ཉིན་བཏོན་པའི་ལོ་བཅུ་རེའི་སྙན་ཐོ་དེའི་ནང་། ༢༠༡༠ ནས་ ༢༠༢༠ བར་རྒྱ་ནག་གི་ལོ་རེའི་ཆ་སྙོམ་མི་འབོར་འཕེལ་ཚད་དེ་བརྒྱ་ཆ་ ༠,༥༣ ཡིན་འདུག་ཅིང་། དེ་ནི་ ༢༠༠༠ ནས་ ༢༠༡༠ བར་གྱི་མི་འབོར་འཕེལ་ཚད་དང་བསྡུར་ན། བརྒྱ་ཆ་ ༠,༠༤ ཙམ་མར་ཆག་པ་ཡིན་འདུག དེ་བཞིན་རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་(ལོ་ན་ ༡༥ ནས་ ༥༩ བར་གྱི་མི་མང་ཡིན།)དེ་ ༢༠༡༡ ལོར་ས་ཡ་ ༩༢༥ ཟིན་ནས་རྩེ་མོར་སོན་རྗེས། ད་ལྟ་མགྱོགས་མྱུར་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག་སྟེ། གཞུང་འབྲེལ་གྲངས་ཐོ་གསར་པ་དེའི་ནང་། ད་ལྟ་རྒྱ་ནག་གི་ལས་ཀའི་ནུས་པ་ལྡན་པའི་མི་འབོར་དེ་སྔར་གྱི་བཞི་ཆ་གསུམ་དུ་མར་ལྷུངས་ཡོད་འདུག པེ་ཅིང་སློབ་གྲྭ་ཆེན་མོའི་མི་འབོར་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་ལོའུ་ཇ་ཧྲོའོ་(Lu Jiehua) ཡིས་“ལས་ཀའི་ནུས་པ་ལྡན་པའི་མི་འབོར་མགྱོགས་མྱུར་ཉམས་རྒུད་དུ་འགྲོ་བཞིན་པ་དེར་ང་ཚོ་སེམས་ཁྲལ་ཆེ་བ་ཡོང་གི་འདུག་”ཅེས་བཤད་པའི་ཐོག “གལ་སྲིད་མི་འབོར་ཕལ་ཆེར་བ་ལོ་རྒས་པོ་ཆགས་པ་ཡིན་ན། དཀའ་ངལ་དེ་ཕྱི་ནས་ཡོང་བའི་གནས་སྤོ་བས་སེལ་ཐུབ་མི་སྲིད་པ་ཞིག་རེད། དཀའ་ངལ་དེ་ཐོག་མ་སེལ་དགོས་”ཞེས་བསྣན་ཡོད་འདུག
མི་འབོར་མར་འཆག་བཞིན་པའི་སེམས་འཚབ་དེ་སེལ་བའི་ཆེད། རྒྱ་ནག་གཞུང་གིས་ ༢༠༡༥ ལོར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་མེད་པ་བཟོས་ཏེ། བཟའ་མི་གཅིག་ལ་བྱིས་པ་གཉིས་སྐྱེ་བའི་ཆོག་མཆན་སྟེར་བ་མ་ཟད། བྱིས་པ་གཉིས་སྐྱེ་དགོས་པའི་སྐུལ་མངགས་ཀྱང་གཏོང་འགོ་བརྩམས་ཡོད། འོན་ཀྱང་། ཁྲིམས་ཀྱི་བསྒྱུར་བཅོས་དེ་དང་གཞུང་གི་སྐུལ་མ་ཡིས་ཀྱང་སྐྱེ་འཕེལ་གྱི་མྱུར་ཚད་མར་ལྷུང་བཞིན་པ་དེ་འགོག་ཐུབ་ཀྱི་ཡོད་མི་འདུག ༢༠༢༠ ལོའི་ལོ་སྨད་དུ་ཝ་ཤིན་ཏྲོན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སི་ཋན-ཨེ་མིལ་(Stein Emil Vollset) དང་། ཉམས་ཞིབ་པ་གཞན་ ༢༣ གྱིས་མཉམ་དུ་བརྩམས་ཤིང་ལཱན་ས་ཏྲི་གསོ་རིག་དུས་དེབ་(The lancet)ནང་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ་འཁོད་གསལ་ལྟར་ན། རྒྱ་ནག་གི་མི་འབོར་དེ་ཕྱི་ལོ་ ༢༠༡༧ ལོར་ཐེར་འབུམ་ ༡.༤ ཡོད་པ་ལས་ཕྱི་ལོ་ ༢༡༠༠ ལོར་ས་ཡ་ ༧༣༢ ལ་མར་འཆག་རྒྱུ་རེད་འདུག་ཅིང་། དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ ༤༨ མར་ཆག་པ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།