རྒྱ་ནག་གི་མི་འབོར་སྐྱེ་འཕེལ་གྱི་ཚད་དེ་ལོ་༧༠ རིང་ཆེས་དམའ་ཤོས་སུ་ལྷུང་འདུག

རྒྱ་ནག་གཞུང་གིས་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་གུ་ཡང་དུ་ཡོད་ཀྱང་། མི་འབོར་སྐྱེ་འཕེལ་གྱི་ཚད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་པ་ནས་བཟུང་ཆེས་དམའ་ཤོས་སུ་ལྷུང་ཡོད་པའི་གནས་ཚུལ་འདུག

རྒྱ་ནག་གཞུང་གིས་དེ་རིང་རེས་གཟའ་པ་སངས་ཉིན་བཏོན་པའི་སྙན་ཐོ་ལྟར་ན། ལོ་སྔོན་མ་སྟེ་ཕྱི་ལོ་༢༠༡༩ ལོར་བྱིས་པ་ས་ཡ་༡༤.༦༥ སྐྱེས་འདུག་པ་དང་། གྲངས་འབོར་དེ་ནི་ཕྱི་ལོ་༢༠༡༨ ལོའི་ས་ཡ་༡༥.༢༣ ལས་མར་ཆག་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་༡༩༤༩ ལོ་ནས་བཟུང་སྐྱེ་འཕེལ་གྱི་ཚད་གཞི་ཆེས་དམའ་ཤོས་དེ་ཆགས་ཡོད་འདུག 

དེ་ལྟར་བྱིས་པ་སྐྱེས་པའི་ཚད་དེ་ལོ་ངོ་དྲུག་ཅུ་ལྷག་གི་ནང་དུ་ཆེས་དམའ་ཤོས་ཆགས་པ་དེས། མི་འབོར་འཕེལ་ཚད་ཉུང་དུ་འགྲོ་བ་ཡིས་རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་རྒྱུ་ཡིན་པ་དང་། དེ་བཞིན་མགྱོགས་མྱུར་ངང་ལོ་ན་རྒས་བཞིན་པའི་མི་འབོར་ལ་ལྟ་སྐྱོང་བྱེད་དགོས་པའི་སེམས་འཚབ་དེ་སྔར་བས་ཀྱང་ཤུགས་ཆེ་རུ་བཏང་ཡོད་འདུག 

རྒྱ་ནག་གི་བྱིས་པ་སྐྱེ་འཕེལ་གྱི་ཚད་དེ་ལྟར་མར་ཆག་ཡོད་ན་ཡང་། ཤི་བའི་ཚད་ཀྱང་ཉུང་དུ་ཕྱིན་པར་བརྟེན། སྤྱི་ཡོངས་ཀྱི་མི་འབོར་དེ་ཡར་འཕེལ་ནས་ད་ལྟ་དུང་འཕྱུར་༡༤ ཟིན་ཡོད་འདུག ཡིན་ན་ཡང་། བྱིས་པ་སྐྱེས་པའི་ཚད་ཉུང་དུ་ཕྱིན་པ་དེས་མ་འོངས་པར་རྒྱ་ནག་ཏུ་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་དང་། ཚོང་ཟོག་འཛད་སྤྱོད་བྱེད་མཁན་ཉུང་དུ་འགྲོ་རྒྱུ་ཡིན་པ་བསྟན་པ་མ་ཟད། ལོ་ན་རྒས་ནས་རྒས་ཡོལ་ཞུས་པའི་མི་མང་འབོར་ཆེན་ལ་ལྟ་སྐྱོང་བྱེད་མཁན་ཡང་དཀོན་དུ་འགྲོ་རྒྱུ་ཡིན་པ་སྟོན་གྱི་ཡོད་འདུག

མི་འབོར་འཕེལ་རྒྱས་ལ་ཚད་འཛིན་བྱེེད་པའི་ཆེད། རྒྱ་ནག་གིས་ཕྱི་ལོ་༡༩༧༩ ལོར་དམིགས་བསལ་སྣ་ཚོགས་ལྡན་པའི་“བྱིས་པ་གཅིག་གི་སྲིད་བྱུས་”སམ་“འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་”གཏན་ན་ཕབ་ཅིང་། སྒྲིག་ལམ་དེ་ལས་འགལ་བའི་ཁྱིམ་ཚང་རྣམས་ལ་སྒོར་མོའི་ཉེས་ཆད་དང་། ལས་གནས་ནས་འཕུད་པ། ཐ་ན་མཚམས་རེར་མངལ་འབྱིན་པ་སོགས་བྱས་ཡོད། འོན་ཀྱང་སྲིད་བྱུས་ལ་བརྟེན་ནས་ཕོ་མོའི་གྲངས་འབོར་ལ་མང་ཉུང་ཚད་ལ་འདས་པ་བྱུང་ཡོད་པ་དང་། ༢༠༡༩ ལོའི་གྲངས་ཚད་ལ་གཞིགས་ན། ད་དུང་ཡང་སྐྱེས་པའི་གྲངས་ཀ་བུད་མེད་ཀྱི་ཁ་གྲངས་ལས་ས་ཡ་༣༠ མང་བ་ཆགས་ཡོད་འདུག 

ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་མེད་པ་བཟོས་ཏེ། བཟའ་མི་གཅིག་ལ་བྱིས་པ་གཉིས་སྐྱེ་བའི་ཆོག་མཆན་སྟེར་མོད། འོན་ཀྱང་བསྒྱུར་བཅོས་དེས་ཀྱང་སྐྱེ་འཕེལ་གྱི་ཚད་མར་ལྷུང་བཞིན་པ་དེ་བཀག་འགོག་བྱེད་པར་ཕན་ཐོགས་བྱུང་ཡོད་མི་འདུག 

ཆེད་ལས་མཁས་པ་ཚོས་དེའི་རྒྱུ་མཚན་ནི་སྲིད་བྱུས་གུ་ཡངས་དང་ལྷན་དུ་ཁྱིམ་ཚང་གི་འཚོ་བར་དགོས་ངེས་ཀྱི་ཆ་རྐྱེན་རྣམས་(དཔེར་ན། བྱིས་པ་ལྟ་སྐྱོང་གི་རོགས་དངུལ་དང་། བྱིས་པ་སྐྱེ་སྐབས་ཕ་མའི་གུང་གསེང་མང་དུ་གཏོང་བ་ལྟ་བུ)མཁོ་སྤྲོད་མ་བྱས་པས་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག་སྟེ། ཁོ་ཚོས་མི་མང་ཆེ་བས་བྱིས་པ་གཅིག་ལས་གསོ་སྐྱོང་བྱེད་མི་ཐུབ་ཅེས་བཤད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།