རྒྱ་ནག་གི་ཚོང་ལས་ཁང་གི་འཇར་མན་ཚོང་ལས་ཁང་ཉོ་བའི་འཆར་གཞི་ལམ་ལྷོང་བྱུང་མི་འདུག

རྒྱ་ནག་གི་ཚོང་ལས་ཁང་ཞིག་གིས་འཇར་མན་གྱི་ཚོང་ལས་ཁང་ཞིག་ཉོ་རྩིས་བྱས་འདུག་ཀྱང་། འཇར་མན་གཞུང་གིས་ཐེ་ཇུས་བྱས་ཏེ་ཉོ་རྒྱུ་མེད་པ་བཟོས་པ་དང་། དེང་གི་འཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་ཚོས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་བེད་སྤྱད་ནས་ཆབ་སྲིད་ལ་ཤུགས་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པར་ཉེན་ཁར་བརྩིས་ནས། བཀག་སྡོམ་གང་ཡོང་བྱེད་བཞིན་པ་རེད་འདུག

ཟླ་༨ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་གིས་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་མང་པོ་ཞིག་གི་སྒེར་གྱི་ཚོང་ལས་ཁང་ཉོ་བཞིན་ཡོད་པས། རྒྱལ་ཁབ་དེ་དག་གིས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སེམས་འཚབ་སྐྱེས་ནས། རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་འགོག་ཐབས་བྱེད་བཞིན་པ་ལྟར། ཉེ་ཆར་རྒྱ་ནག་གི་ཚོང་ལས་ཁང་ཡེན་ཌེ་ཞེས་པ་ཞིག་གིས། འཇར་མན་གྱི་འཕྲུལ་ཆས་བཟོ་སྐྲུན་ཁང་ལཱི་ཧྥེལ་ཌ་ཉོ་རྩིས་བྱས་འདུག་པ་དང་། དེས་འཇར་མན་ནང་སྲིད་དོན་གྱི་སེམས་འཚབ་བྱུང་རྗེས། འཇར་མན་གཞུང་གིས་ལོ་སྔོན་མར་ཕྱིའི་རྒྱལ་ཁབ་ཁག་ལས་མ་རྩ་འཇོག་པའི་སྲིད་ཇུས་དམ་དུ་བཏང་ཡོད་ཁར། ཕྱིའི་རྒྱལ་ཁབ་ཀྱི་ཚོང་ལས་ཁང་གིས་འཇར་མན་གྱི་ཚོང་ལས་ཁང་ཉེ་བར་དགག་བྱ་བྱེད་པའི་དབང་ཚད་ཀྱང་གཞུང་ལ་ཡོད་པ་བཟོས་འདུག་པས། ཐེངས་འདིར་རྒྱ་ནག་གི་ཚོང་ལས་ཁང་གི་འཆར་གཞི་དེར་དགག་བྱ་བྱས་འདུག་པ་དང་། གཞུང་གི་དབང་ཚད་དེ་བེད་སྤྱོད་བྱས་པ་ཐེངས་དང་པོ་ཡིན་འདུག

འཇར་མན་གྱི་ཚོང་ལས་ཁང་དེའི་བདག་པོ་ཡིས། འཇར་མན་གཞུང་གི་དགག་བྱ་མ་བྱས་པའི་སྔོན་དུ་རྒྱ་ནག་གི་ཚོང་ལས་ཁང་དེས་འཆར་གཞི་ཕྱིར་འཐེན་བྱས་སྐོར་དང་། གཞུང་གི་བདེ་འཇགས་ཀྱི་སེམས་འཚབ་དེ་དག་གི་རྒྱུ་མཚན་དང་མི་ལྡན་པ་ཡིན་སྐོར་བརྗོད་འདུག ཚོང་ལས་ཁང་དེས་འཇར་མན་གྱི་བར་སྣང་ཚོང་ལས་ཁང་དང་རྡུལ་ཕྲན་ཚོང་ལས་ཁང་ལ་འཕྲུལ་ཆས་བཟོ་སྐྲུན་བྱེད་མཁན་རེད་འདུག

ཨ་རི་དང་ཁེ་ན་ཌ་སོགས་ཀྱིས་རྒྱ་ནག་གི་ཚོང་ལས་ཁང་གིས་མ་རྩ་འཇོག་པ་དང་ཚོང་ལས་ཁང་ཉོ་བ་སོགས་ཀྱི་བྱེད་ལས་ཚད་བཀག་བཟོ་བཞིན་ཡོད་པ་ལྟར། ཡུ་རོབ་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་ལ་སེམས་འཚབ་བྱེད་བཞིན་ཡོད་ཁར། ལོ་སྔོན་མར་ཨ་རིའི་ནང་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་རྒྱ་ནག་གི་ཚོང་ལས་མང་པོ་ཞིག་གི་མ་རྩ་འཇོག་པ་ཚད་བཀག་བཟོ་རྒྱུའི་འཆར་གཞི་འཐེན་འདུག ཆབ་སྲིད་མི་སྣ་དང་ཚོང་པ་ཁག་ཅིག་གིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ནང་དུ་རྒྱ་ནག་གིས་མ་རྩ་འཇོག་པ་དེ་རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཁག་ནས་མ་རྩ་འཇོག་པ་དང་བསྡུར་ན་ལས་སླ་བ་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་ཚོང་ལས་ཁང་ཞིག་གིས་འཇར་མན་གྱི་མི་གཟུགས་འཕྲུལ་ཆས་བཟོ་མཁན་ཚོང་ལས་ཁང་ཞིག་ཉོས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།