རྒྱ་ནག་གི་ཚོང་ལས་ཁང་དང་འབྲེལ་ལམ་བཅད་རྗེས་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ལ་སྦྱིན་བདག་བྱེད་མཁན་མང་པོ་བྱུང་འདུག
རྒྱ་གར་ནང་རྒྱ་ནག་ལ་ལྟ་ཕྱོགས་བཟང་པོ་མེད་པའི་སྐབས་དེར། རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཚོང་ལས་ཁང་དང་བཞག་པའི་གན་རྒྱ་ཞིག་ནས་ཕྱིར་འཐེན་བྱས་འདུག་པ་དང་། དེ་ལ་བརྟེན་ནས་ལྷན་ཚོགས་དེར་སྦྱིན་བདག་ཆེན་པོ་ཞིག་མེད་པ་ཆགས་ཀྱང་། ཉེ་ཆར་རྒྱ་གར་གྱི་ཚོང་ལས་ཁང་ཁག་ཅིག་གིས་སྦྱིན་བདག་བྱེད་རྒྱུ་ཁས་ལེན་བྱས་འདུག
ཟླ་༦ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་དབྱུག་རྩེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ཆེད་དུ། ཨ་སྒོར་ས་ཡ་༡.༣༥ ཡི་མཐུན་སྦྱོར་བྱས་འདུག དེ་བཞིན་ཚོང་ལས་ཁང་གཞན་ཁག་ཅིག་དང་མཉམ་དུ་ཡང་སྦྱིན་བདག་བྱེད་པའི་གྲོས་མཐུན་བཞག་ཡོད་འདུག
དེ་ཡང་ཟླ་འདིའི་འགོ་སྟོད་དུ་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་དང་རྒྱ་ནག་གི་ཚོང་ལས་ཁང་(Li Ning) གཉིས་བར་གྱི་གན་རྒྱ་ལ་རྒྱ་གར་ནང་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་འདུག་པས། ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་གར་མི་མང་གི་སེམས་ཚོར་དང་བསྟུན་ནས། རྒྱ་ནག་གི་ཚོང་ལས་ཁང་དེ་དང་བཞག་པའི་གན་རྒྱ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། གྲོས་མཐུན་དེའི་ནང་རྒྱ་ནག་གི་ཚོང་ལས་ཁང་དེས་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ཀྱི་རྩེད་མོ་བ་ཚོའི་ལྷམ་གྱི་སྦྱིན་བདག་བྱེད་རྒྱུ་ཡིན་པ་དང་། རྩེད་མོ་བ་ཚོའི་ཚོང་ལས་ཁང་དེའི་ཚོང་རྟགས་ཡོད་པའི་ལྷམ་གྱོན་དགོས་ཀྱི་ཡོད་འདུག གན་རྒྱ་དེ་དང་འབྲེལ་ནས་ཨོ་རྩལ་ལྷན་ཚོགས་ལ་ཧིན་སྒོར་ས་ཡ་༦༠ ཐོབ་ཀྱི་ཡོད་འདུག་ཀྱང་དེ་ནས་ཕྱིར་འཐེན་བྱེད་དགོས་ཁེལ་འདུག
རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ཀྱིས་གན་རྒྱ་དེ་ནས་ཕྱིར་འཐེན་བྱས་རྗེས། རྒྱ་གར་གྱི་ཚོང་ལས་ཁང་དང་སྦྱིན་བདག་གི་གན་རྒྱ་འཇོག་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་པས། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཚོང་ལས་ཁང་(MPL Sports Foundation) གིས་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ལ་སྦྱིན་བདག་བྱས་ཏེ། ཧིན་སྒོར་ས་ཡ་༨༠ ལྷག་གི་གན་རྒྱ་བཞག་འདུག དངུལ་འབོར་དེས་འཚོག་ལ་ཉེ་བའི་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་དང་། དེ་བཞིན་ལོ་རྗེས་མའི་ཨེ་ཤི་ཡ་དང་(Commonwealth) རྩེད་འགྲན་གཉིས་ལ་འགྲོ་སོང་གཏོང་ཐུབ་ཀྱི་ཡོད་འདུག
དེ་བཞིན་རྒྱ་གར་གྱི་ཚོང་ལས་ཁང་གཉིས་ཀྱིས་ཧིན་སྒོར་ས་ཡ་༡༠ རེ་སྦྱིན་བདག་བྱས་པ་སོགས་བྱས་ཏེ། རྒྱ་ནག་གི་ཚོང་ལས་ཁང་གི་སྦྱིན་བདག་ལ་བརྟེན་མི་དགོས་པར། རྒྱལ་ནང་གི་ཚོང་ལས་ཁང་གི་སྦྱིན་བདག་ལ་བརྟེན་ནས་རྒྱ་གར་གྱི་ཨོ་རྩལ་ལྷན་ཚོགས་ལ་དཔལ་འབྱོར་གྱི་སེམས་ཁྲལ་མེད་པ་ཆགས་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།