རྒྱ་ནག་གི་འགོ་ཁྲིད་༨ ལ་ཁེ་ན་ཌ་གཞུང་གིས་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག 

བོད་དང་ཡུ་གུར་མི་རིགས། རྩ་རླུང་སྒོམ་སྒྲུབ་བ་རྣམས་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་མིང་འོག་རྒྱ་ནག་གི་འགོ་ཁྲིད་༨ ལ་ཁེ་ན་ཌ་གཞུང་གིས་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག 

ཕྱི་ཚེས་༡༡ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༠ ཉིན་ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཁག་ཅིག་དང་ད་ལྟ་འགོ་ཁྲིད་ཀྱི་ལས་གནས་ཐོག་ཡོད་པ་བཅས་ཁྱོན་འགོ་ཁྲིད་རྒན་གྲས་༨ ལ་བོད་དང་ཡུ་གུར་མི་རིགས། རྩ་རླུང་སྒོམ་སྒྲུབ་བཅས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་མིང་འོག་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག དེ་ཡང་ཁེ་ན་ཌ་གཞུང་གི་ཕྱི་སྲིད་ལྷན་ཁང་ནས་བརྗོད་དོན་ལ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ ནས་ཡུ་གུར་མི་རིགས་ས་ཡ་༡ ལས་མང་བ་ཞིག་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པར་བརྟེན། མི་མང་པོ་ཞིག་གི་སེམས་ཁམས་ལ་དཀའ་ངལ་ཚབས་ཆེན་བཟོས་ཡོད་ཅིང་། དེ་བཞིན་མི་མང་པོ་ཞིག་གི་ལུས་ལ་རྡུང་རྡེག་བཏང་བ་དང་། བཙན་གཡེམ་བྱེད་པ་སོགས་མི་སྤྱོད་ལས་འདས་པའི་དཀའ་ངལ་སྤྲོད་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག 

ཕྱི་ལོ་༢༠༢༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དང་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞིབ་མཇུག་སྙན་ཐོ་ཞིག་གི་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིས་ཡུ་གུར་མི་རིགས་རྣམས་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་གང་འདྲ་བྱེད་ཀྱི་ཡོད་མེད་སྐོར་གྱི་གནས་ཚུལ་ཞིག་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་དམིགས་བསལ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ལ་འཛིན་བཞིན་པའི་སྲིད་བྱུས་དག་ནི་མི་རིགས་སྡེབ་གསོད་ཀྱི་སྲིད་བྱུས་ཤིག་ཡིན་པར་བརྗོད་ཡོད་འདུག་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་རྒྱ་ནག་གཞུང་གི་ངོ་ཚབ་པས་ངོས་ལེན་བྱས་ཡོད་མི་འདུག 
ཐེངས་འདིར་ཁེ་ན་ཌའི་གཞུང་གིས་དཔལ་འབྱོར་ཉེས་ཆད་ཁྲོད་རྒྱ་ནག་གཞུང་གིས་ཡུ་གུར་ས་ཁུལ་དུ་བཏང་བའི་དམར་ཤོག་གི་འགོ་ཁྲིད་ཁྲེན་ཁོང་ཀོ་(Chen Quanguo)ཟེར་བ་དེ་དང་། ཕྱི་ལོ་༢༠༡༦ ནས་༢༠༢༡ བར་བོད་ནང་གི་དམར་ཤོག་འགོ་ཁྲིད་ཝུ་ཡེང་ཇི་(Wu Yingjie)ཟེར་བ་གཉིས་གཙོས་པའི་འགོ་ཁྲིད་གཞན་དྲུག་གི་ཁེ་ན་ཌའི་ནང་ཡོད་པའི་རྒྱུ་ནོར་རྣམས་བཀག་འགོག་བྱེད་རྒྱུ་དང་། ཁེ་ན་ཌའི་མི་སེར་དང་ལྷན་དུ་ཚོང་འབྲེལ་སོགས་ཀྱི་དཔལ་འབྱོར་མཁོ་སྒྲུབ་དང་འབྲེལ་བྱ་སྤྱོད་རིགས་འགོག་རྒྱུ། དེ་བཞིན་དཔལ་འབྱོར་དང་འབྲེལ་བའི་རོགས་རམ་སོགས་ཡོད་ཚད་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག 
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་(Melanie Joly)གྱིས་རྒྱ་ནག་གཞུང་ལ་ནན་ཏན་ཐོག་ནས་བརྗོད་ཡོད་པ་ཞིག་ལ། རྒྱ་ནག་གཞུང་གིས་ངེས་པར་དུ་མི་རིགས་དེ་དག་གི་ཐོག་ལ་ལག་བསྟར་བྱེད་བཞིན་པའི་ཁྲིམས་འགལ་གྱི་སྲིད་བྱུས་དེ་དག་མཚམས་འཇོག་དགོས་པར་བརྗོད་ཡོད་འདུག ཁེ་ན་ཌའི་(Ottaw)ས་ཆར་ཡོད་པའི་རྒྱ་ནག་གཞུང་ཚབ་པས་དེ་ལ་ད་བར་ལན་འདེབས་གང་ཡང་བྱས་མེད་པ་བརྗོད་འདུག་ལ། དཔལ་འབྱོར་ཉེས་ཆད་དེ་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ལྟ་སྐོར་ཕྱིན་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིད་(Wang Yi)ལྷན་དུ་ཐུག་འཕྲད་བྱས་ནས་ཟླ་བ་འགའ་ཤས་རྗེས་སུ་བྱུང་བ་ཞིག་ཡིན་འདུག 
ཕྱི་ལོ་༢༠༡༨ ལོར་རྒྱ་ནག་དང་ཁེ་ན་ཌ་གཉིས་བར་གྱི་འབྲེལ་ལམ་ཧ་ཅང་སྡུག་པོར་གྱུར་ཡོད་འདུག རྒྱུ་མཚན་ནི་སྐབས་དེ་དུས་རྒྱ་ནག་གི་འཕྲུལ་རིགས་ཚོང་གཉེར་ཁང་(Huawei)ཡི་དཔལ་འབྱོར་སྤྱི་འདོམས་པ་བུད་མེད་(Meng Wanzhou)ཟེར་བ་དེ་ཁེ་ན་ཌས་བཀག་ཉར་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་འགལ་ཟླ་བྱུང་ཡོད་འདུག དེ་བཞིན་རྒྱ་ནག་ནང་ཁེ་ན་ཌའི་མི་སེར་གཉིས་འཛིན་བཟུང་བྱས་པ་སོགས་བྱུང་ཡོད་འདུག་ཀྱང་། ཕྱིས་སུ་མི་གསུམ་དེ་ཀློད་གྲོལ་བཏང་ཡོད་འདུག འདི་ལོའི་སྟོད་དུ་པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་དེ་ཡུ་གུར་ས་ཁུལ་ལ་ལྟ་སྐོར་དུ་ཕྱིན་ནས་ས་གནས་དེའི་རྒྱ་མིའི་འགོ་ཁྲིད་རྣམས་ལ་དེའི་ཁུལ་གྱི་མི་མང་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་འཚབ་ཡོད་པ་ནན་བརྗོད་བྱས་ཡོད་འདུག དེ་བཞིན་ཨ་རི་དང་། དབྱིན་ཡུལ། ཡུ་རོབ་མཐུན་ཚོགས་བཅས་ཀྱི་རྒྱ་ནག་གི་ཡུ་གུར་ཁུལ་གྱི་འགོ་ཁྲིད་རྣམས་ལ་དཔལ་འབྱོར་ཉེས་ཆད་བཅད་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།