རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་བཙོན་འཇུག
རྒྱ་ནག་གཞུང་གི་གཉའ་གནོན་འོག་ཕམ་ཉེས་སུ་སོང་བ་རྣམས་ཀྱི་གནད་དོན་གླེང་སློང་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ཝུ་གྷན་ལ་ལོ་༨ ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་འདུག
ཟླ་༡༢ པའི་ཕྱི་ཚེས་༢༦ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་གྲགས་ཅན་ཝུ་གྷན་(Wu Gan)ཟེར་བ། དྲ་ཐོག་ནས་ཡོངས་གྲགས་སུ་ཆེས་ཐ་ཤལ་གྱི་ཤན་པ་(Super Vulgar Butcher) ཞེས་འབོད་པར་རྒྱལ་ཁབ་རྩ་གཏོར་གཏོང་བའི་བྱ་བ་བརྩམས་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་ཁོང་ལ་ལོ་༨ ཀྱི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག
སྐུ་ཞབས་ཝུ་གྷན་དེ་སྔོན་ཕྱི་ལོ་༢༠༡༥ ལོར་ཐོག་མར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་དབང་འཛིན་པ་ཚོས་ཁྲིམས་རྩོད་པ་དང་ལས་འགུལ་བ་བརྒྱ་ཕྲག་མང་པོ་འཛིན་བཟུང་བཀག་ཉར་དང་འདྲི་རྩད་བྱས་ཡོད་འདུག
རྒྱ་ནག་ཐེན་ཅིང་ནས་ཁྲིམས་ཁང་ཞིག་གིས་སྐུ་ཞབས་ཝུ་གྷན་“ད་ལྟའི་གཞུང་གི་ལམ་ལུགས་ལ་འདོད་པ་མ་ཁེངས་རེད། རིམ་བཞིན་དེ་ལ་བརྟེན་ནས་སྲིད་གཞུང་གི་དབང་ཆ་མགོ་རྟིང་སློག་རྒྱུའི་བསམ་བློ་བྱུང་འདུག་”ཅེས་བརྗོད་ཡོད་འདུག་པ་དང་། ཡང་ཁྲིམས་ཁང་དེས་ཝུ་གྷན་གྱིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པ་དང་། དྲ་ཐོག་ནས་གཞན་ལ་དམའ་འབེབས་བྱས་འདུག་ཅེས་བརྗོད་ནས་ཁོང་ལ་ཉེས་འཛུགས་སྣ་ཚོགས་བྱས་ཡོད་འདུག
སྐུ་ཞབས་ཝུ་གྷན་གྱིས་རྒྱ་ནག་གཞུང་གི་གཉའ་གནོན་འོག་ཕམ་ཉེས་སུ་སོང་བ་རྣམས་ཀྱི་གནད་དོན་རྣམས་གླེང་སློང་བྱེད་ཀྱི་ཡོད་འདུག་ཅིང་། དེ་སྔོན་རྒྱ་ནག་དམར་ཤོག་གི་ལས་བྱེད་ཅིག་གིས་བུད་མེད་ཅིག་ལ་བཙན་གཡེམ་བྱས་པ་དང་། བུད་མེད་དེས་བཙན་གཡེམ་བྱེད་མཁན་ལ་ཤིང་ཏོག་གཏུབ་བྱེད་ཀྱི་གྲི་བཙུགས་ནས་བསད་པའི་གནས་ཚུལ་གྱི་སྐོར་དང་།
དེ་བཞིན་དེ་སྔོན་རྒྱ་ནག་གཞུང་གིས་སྐྱེས་པ་བཞི་མི་གསོད་ཁྲག་སྦྱོར་གྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་ཀྱང་། མི་བཞི་པོ་དེས་མི་གསོད་ཁྲག་སྦྱོར་གྱི་བྱ་བ་བགྱིས་མེད་པ་དང་། གཞུང་གིས་ནོར་ནས་བཙོན་འཇུག་བྱེད་བཞིན་ཡོད་པར་ཁོ་རང་ཚོས་བརྗོད་བཞིན་ཡོད་པས། དེ་དག་ལ་དྲང་བདེན་གྱི་ཐག་གཅོད་ཡོང་ཐབས་སུ་སྐུ་ཞབས་ཝུ་གྷན་གྱི་རྩོད་ལེན་བྱས་ཡོད་འདུག
དེ་ཡང་། མི་གསོད་ཁྲག་སྦྱོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་སྐྱེས་པ་བཞིའི་གནད་དོན་དང་འབྲེལ་བའི་ཐོག་ནས། ཁོང་གིས་འཕྲེད་དར་ཆེན་པོ་གཉིས་བཟོས་ནས། གཅིག་གི་ཐོག་ཏུ་སྤྱི་ཁྱབ་ཁྲིམས་དཔོན་གྱི་གདོང་ལ་ཧི་ཏི་ལེར་གྱི་ཁ་སྤུས་རྒྱན་པའི་འདྲ་པར་ཞིག་བཞག་ནས། འདྲ་པར་གྱི་གོང་དུ་ལྐོག་རྔན་ག་ཚོད་དགོས་མིན་དྲིས་པའི་ཡིག་ཐུང་ཡོད་པ་ཞིག་ཁྲིམས་ཁང་དུ་ཁྱེར་ཡོད་འདུག་པ་མ་ཟད། དེ་སྔོན་ཁོང་གིས་པར་རིས་སྒྲིག་སྦྱོར་གྱི་མཉེན་ཆས་(photo-shop)སྤྱད་ནས་རྒྱ་ནག་ཧེ་ནན་ཞིང་ཆེན་གྱི་ལས་བྱེད་གསུམ་གྱི་གདོང་པ་ཕག་གསུམ་གྱི་ལུས་ལ་སྦྱར་བའི་པར་རིས་ཤིག་སྒྲིག་བཟོ་བྱས་ཏེ། འདྲ་པར་གྱི་ཁ་བྱང་དུ་འཛམ་གླིང་ནང་འཛིན་བཟུང་དགོས་ངེས་ཀྱི་ཕག་པ་གསུམ་ཞེས་བྲིས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་ཡོད་འདུག
ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གཞུང་གིས་༼༧༠༩ རྒོལ་རྡུང་༽ཞེས་པའི་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་། མི་མང་གི་ཐོབ་ཐང་རྩོད་ལེན་པ་ཚུད་པའི་ཁྱོན་མི་༢༠༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།