རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་པ་ཞིག་གི་དྲག་སྤྱོད་ལ་བརྟེན་ནས་ཉི་ཧོང་གི་ཕྲུ་གུ་ཞིག་གི་ཚེ་སྲོག་ཤོར་འདུག

ཟླ་འདིའི་ཚེས་༢༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་རྒྱལ་ཞེན་རིང་ལུགས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་མི་ཞིག་གིས་ལོ་ན་བཅུ་སོན་པའི་ཉི་ཧོང་གི་ཕྲུ་གུ་ཞིག་ལ་གྲི་བཙུགས་ནས་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

ཉེ་ལམ་རྒྱ་ན་གི་(Shenzhen) ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སློབ་གྲྭ་ཞིག་གི་ཉེ་འགྲམ་དུ། ལོ་ན་༤༤ ཡིན་པའི་རྒྱ་མིའི་སྐྱེས་པ་ཞིག་གིས་ཉི་ཧོང་གི་ཕྲུ་གུ་ཞིག་ལ་གྲི་བཙུགས་ནས་ཉིན་གཅིག་གི་རྗེས་སུ། ཕྲུ་གུ་དེ་འདས་གྲོངས་སུ་ཕྱིན་ཡོད་འདུག ཉི་ཧོང་གི་མི་སེར་ཡིན་པའི་ཕྲུ་གུ་དེའི་མིང་ལ་ལིང(Lin) ་ཟེར་ཞིང་། ཁོང་གི་ཕ་ནི་ཉི་ཧོང་བ་ཞིག་དང་ཨ་མ་རྒྱ་མི་ཡིན་འདུག

པར། བྷི་བྷི་སི།


ས་གནས་ཉེན་རྟོག་པས་གནས་ཚུལ་དེ་བྱུང་བ་དང་སྐྱེས་པ་དེ་འཕྲལ་དུ་འཛིན་བཟུང་བྱས་ཡོད་འདུག་པ་དང་།  རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་གནས་ཚུལ་དེ་ལྷག་པར་བློ་ཕམ་དང་། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ། རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་གནས་དོན་དེ་དང་འབྲེལ་བའི་བཀའ་མོལ་གནང་བཞིན་ཡོད་ཅེས་བརྗོད་འདུག

སྐྱེས་པ་དེས་ཕྲུ་གུ་དེར་གྲི་འཛུགས་དགོས་པའི་རྒྱུ་མཚན་ཤེས་རྟོགས་བྱུང་མེད་ན་ཡང་། གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཡིས་ཕྱི་རྒྱལ་བར་གྲི་བཙུགས་པ་སོགས་ཀྱི་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་པར་སེམས་འཚབ་བྱེད་ཀྱི་ཡོད་འདུག

ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་། སྐྱེས་པ་ཞིག་གིས་རྒྱ་ནག་གི་ཤར་ཕྱོགས་གྲོང་ཁྱེར་སུ་ཀྲོའུ་(Suzhou) ་ལ་ཡོད་པའི་ཉི་ཧོང་གི་སློབ་གྲྭ་ཞིག་གི་ཉེ་འཁྲིས་སུ་ཉི་ཧོང་གི་མ་བུ་གཉིས་ལ་གྲི་ཁྱེར་ནས་འདེད་པའི་སྐབས། མ་བུ་གཉིས་ལ་སྲུང་སྐྱོབ་བྱེད་མཁན་རྒྱ་མི་ཞིག་གྲིའི་འོག་ཏུ་ཚེ་སྲོག་ཤོར་ཡོད་འདུག

ཟླ་འདིའི་ཚེས་༡༠ ་ཉིན་རྒྱ་ནག་གི་ཅི་ལིན་(Jilin) ་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་པའི་པེ་ཧྲན་ཞེས་པའི་སྤྱི་གླིང་ཞིག་ཏུ་ལོ་ན་༥༥ ལ་སོན་པའི་སྐྱེས་པ་(Cui) ་ཟེར་བས་ཨ་རིའི་ལོ་ཝ་མངའ་སྡེ་ནས་ཡིན་པའི་དགེ་རྒན་བཞི་ལ་གྲི་བཙུགས་པའི་གནས་ཚུལ་ཡོད་པ་དང་།

རྒྱ་གཞུང་གིས་དྲག་སྤྱོད་དེ་དག་ཚང་མ་ཆབ་སྲིད་དང་འབྲེལ་བ་མེད་པར་འགྲེལ་བརྗོད་བྱས་ཏེ། མུ་མཐུད་རྒྱལ་ནང་གི་ཕྱི་རྒྱལ་བ་ཚང་མའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཐེངས་འདིའི་དོན་རྐྱེན་དང་འབྲེལ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་ཡོད་པའི་ཉི་ཧོང་དོན་གཅོད་པས་རྒྱ་གཞུང་ལ་དོན་རྐྱེན་དེ་འདྲ་ཡང་བསྐྱར་མི་ཡོང་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཉི་ཧོང་གི་གཞུང་ཚབ་པ་ཟུར་པ་ཞིག་གིས་ཉེ་ལམ་གྱི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གི་སློབ་གྲྭ་ཁག་ཏུ་ལོ་མང་རིང་ཉི་ཧོང་ལ་རྒྱབ་འགལ་གྱི་སློབ་གསོ་སྤྲད་པའི་འབྲས་བུ་རེད་ཅེས་བརྗོད་འདུག རྒྱ་ནག་ཏུ་ཡོད་པའི་ཀོང་ཀྲོའུ་(Guangzhou) ་ཉི་ཧོང་སློབ་གྲྭས་བྱེད་སྒོ་འགའ་ཞིག་མེད་པ་བཟོས་ཡོད་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཉི་ཧོང་སྐད་དེ་སྐད་ཤུགས་ཆེན་པོས་བཤད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག

རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ནི་ཡུན་རིང་པོར་དཀའ་ངལ་ཅན་ཞིག་ཡིན་པ་དང་། ལོ་བཅུ་ཕྲག་མང་པོའི་རིང་ལ་ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་འཁོན་འཛིན་བཟུང་ནས་ས་མཚམས་ཀྱི་རྩོད་རྙོག་བར་གྱི་གནད་དོན་མང་པོའི་ཐོག་འཁྲུག་རྩོད་བྱས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།