རྒྱ་ནག་གི་ལོ་སྔོན་མའི་བྱིས་པའི་སྐྱེས་ཚད་དེ་བརྒྱ་ཆ་ ༡༥ ཙམ་མར་ཆག་ཡོད་འདུག
འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ཏུ་མི་འབོར་ཉུང་དུ་འགྲོ་བཞིན་པའི་སེམས་འཚབ་གསར་པ་ཞིག་ཡོང་བཞིན་ཡོད་པ་ལྟར། ལོ་སྔོན་མར་སྐྱེས་པའི་བྱིས་པའི་གྲངས་ཚད་དེ་གཞེས་ནིང་ལོ་དང་བསྡུར་ན། བརྒྱ་ཆ་ ༡༥ མ་ཟིན་ཙམ་ཞིག་མར་ཆག་ཡོད་འདུག
བདུན་ཕྲག་འདིར་རྒྱ་ནག་གི་མི་མང་བདེ་འཇགས་ལས་ཁུངས་(Ministry of Public Security)ནས་བཏོན་པའི་གྲངས་ཐོར་གཞིགས་ན། ༢༠༢༠ ལོར་རྒྱ་ནག་ཏུ་སྐྱེས་པའི་བྱིས་པའི་གྲངས་ཚད་དེ་ས་ཡ་ ༡༠.༠༣ ཡིན་འདུག་པ་དང་། གྲངས་ཚད་དེ་གཞེས་ནིང་ལོ་དང་བསྡུར་བ་ཡིན་ན། བརྒྱ་ཆ་ ༡༤.༩ མར་ཆག་པ་མ་ཟད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གི་ད་ལྟའི་སྲིད་གཞུང་འགོ་ཚུགས་པ་ནས་བཟུང་སྟེ་བྱིས་པ་སྐྱེ་འཕེལ་གྱི་ཚད་གཞི་ཆེས་དམའ་ཤོས་དེ་ཆགས་ཡོད་འདུག
འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པར་གྱུར་བའི་རྒྱ་ནག་ཏུ་བྱིས་པ་སྐྱེ་འཕེལ་ཉུང་དུ་འགྲོ་བཞིན་པར་བརྟེན། ད་ལྟའི་ལས་ཀ་བྱེད་མཁན་གྱི་མི་རབས་འདི་རྒས་ཡོལ་བྱེད་པའི་དུས་སུ་བསླེབ་དུས། རྒྱ་ནག་ལ་ཉི་ཧོང་དང་ལྷོ་ཀོ་རི་ཡ་ལྟར་ལས་ཀ་བྱེད་ཐུབ་པའི་གཞོན་སྐྱེས་ཉུང་དྲགས་པ་དང་། རྒན་འཁོགས་མང་དྲགས་པའི་དཀའ་ངལ་ཚབས་ཆེན་འཕྲད་པའི་ཉེན་ཁ་ཆེ་བའི་ཐོག ཉམས་ཞིབ་པ་ཚོས་གལ་སྲིད་རྒྱ་ནག་གི་མི་འབོར་འདི་ལྟར་མུ་མཐུད་ཉུང་དུ་ཕྱིན་པ་ཡིན་ན། “རྒྱ་ནག་ཕྱུག་པོ་མ་ཆགས་གོང་དུ་རྒས་འཁོགས་ཆགས་”སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
རྒྱ་ནག་རྒྱལ་ཡོངས་ཀྱི་གྲངས་ཐོ་གསར་ཤོས་ལྟར་ན། ༢༠༢༠ ལོར་རྒྱ་ནག་ཏུ་ལོ་ན་ ༦༠ ཡན་ཟིན་པའི་མི་ས་ཡ་ ༢༥༠ འདུག་པ་དང་། དེས་མི་འབོར་ཁྱོན་གྱི་བརྒྱ་ཆ་ ༡༨ ཙམ་ཟིན་ཡོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༥༠ ཡི་ནང་ཚུན་དུ་རྒྱ་ནག་གི་མི་འབོར་གྱི་སུམ་ཆ་གཅིག་སྟེ། མི་ས་ཡ་ ༤༨༠ ཡས་མས་ཤིག་གི་ལོ་ན་ ༦༠ ཡན་དུ་ཟིན་པའི་དཀའ་ངལ་ཚབས་ཆེན་འཕྲད་ངེས་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
དེ་སྔོན་རྒྱ་ནག་ཏུ་མི་འབོར་མང་དྲགས་པའི་སེམས་འཚབ་ཆེན་པོ་བྱུང་བར་བརྟེན། མི་འབོར་འཕེལ་རྒྱས་ལ་ཚད་འཛིན་བྱེེད་པའི་ཆེད། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གིས་དམིགས་བསལ་སྣ་ཚོགས་ལྡན་པའི་“བྱིས་པ་གཅིག་གི་སྲིད་བྱུས་”སམ་“འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་”གཏན་ན་ཕབ་ཅིང་། སྒྲིག་ལམ་དེ་ལས་འགལ་བའི་ཁྱིམ་ཚང་རྣམས་ལ་སྒོར་མོའི་ཉེས་ཆད་དང་། ལས་གནས་ནས་འཕུད་པ། ཐ་ན་མཚམས་རེར་མངལ་འབྱིན་པ་སོགས་བྱས་ཡོད། འོན་ཀྱང་། སྲིད་བྱུས་དེ་ལ་བརྟེན་ནས་ཕོ་མོའི་གྲངས་འབོར་ལ་མང་ཉུང་ཚད་ལས་འདས་པ་བྱུང་ཡོད་པ་དང་། ༢༠༡༩ ལོའི་གྲངས་ཚད་ལ་གཞིགས་ན། ད་དུང་ཡང་སྐྱེས་པའི་གྲངས་ཀ་དེ་བུད་མེད་ཀྱི་ཁ་གྲངས་ལས་ས་ཡ་ ༣༠ ཙམ་མང་བ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་མེད་པ་བཟོས་ཏེ། བཟའ་མི་གཅིག་ལ་བྱིས་པ་གཉིས་སྐྱེ་བའི་ཆོག་མཆན་སྟེར་བ་མ་ཟད། བཟའ་མི་ཚོར་བྱིས་པ་སྐྱེ་དགོས་པའི་སྐུལ་མ་སྣ་ཚོགས་བྱེད་ཀྱིན་ཡོད། ཡིན་ན་ཡང་། ཁྲིམས་ཀྱི་སྒྱུར་བཅོས་དེས་ཀྱང་རྒྱ་ནག་གི་བྱིས་པའི་སྐྱེ་འཕེལ་མར་ཆག་བཞིན་པའི་དཀའ་ངལ་དེ་སེལ་མ་ཐུབ་པར་གནས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།