རྒྱ་ནག་གི་ཤུགས་རྐྱེན་ཨ་རིའི་སློབ་གྲྭ་ཁག་ནང་སྤེལ་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། 

ད་ཆར་རྒྱ་ནག་གི་ཤུགས་རྐྱེན་འཛམ་གླིང་གི་ས་ཕྱོགས་མང་པོར་སླེབ་བཞིན་ཡོད་པ་ལྟར། ཨ་རིའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་འཕྲུལ་རིགས་སློབ་གྲྭ་འདྲ་མིན་ནང་རྒྱ་ནག་གི་དཔལ་འབྱོར་བེད་སྤྱོད་བྱས་ནས་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་ཡོད་པ་རེད་འདུག 

ཕྱི་ཚེས་༣ ཉིན་རྒྱ་གར་གྱི་(wion )གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། ཨ་རིའི་ནང་ཡོད་པའི་(Parenting Defending Education) ཟེར་བའི་ཤེས་ཡོན་དང་འབྲེལ་བའི་བསྟི་གནས་ཤིག་གིས་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་པའི་ནང་དུ། ད་ཆར་ཨ་རིའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་སློབ་གྲྭ་མང་པོའི་ནང་རྒྱ་ནག་གིས་དཔལ་འབྱོར་བེད་སྤྱོད་བཏང་ནས་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག སྙན་ཐོའི་ནང་དུ་རྒྱ་ནག་གིས་ཨ་སྒོར་ས་ཡ་༡༨ ཨ་རིའི་སློབ་གྲྭ་མང་པོའི་ནང་འགྲོ་གྲོན་གཏོང་བཞིན་ཡོད་པར་གསལ་འདུག་ལ། དམིགས་བསལ་ཨ་རིའི་དམག་སྒར་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཁག་༢༠ ནང་འགྲོ་གྲོན་གཏོང་བཞིན་ཡོད་པར་བརྗོད་འདུག རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་སའི་སློབ་མ་ནི་ལོ་ན་ལྔ་ནས་དྲུག་བར་ཡིན་པའི་བྱིས་པ་ཆུང་ཆུང་རྣམས་ཡིན་འདུག ཉམས་ཞིབ་བསྟི་གནས་ཁང་དེས་བརྗོད་དོན་ལ་ཨ་རིའི་ནང་ཡོད་པའི་ཚན་རིག་དང་འཕྲུལ་རིགས་ཀྱི་སློབ་གྲྭ་རྩེ་ཕུད་གསུམ་ཡང་དེའི་ནང་འཛུལ་ཡོད་པས། གཞུང་གིས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པའི་བརྡ་ལན་སྤྲད་ཡོད་འདུག  

གནད་དོན་དེའི་ཐོག་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ད་ལྟའི་ཇོ་བྷ་ཌན་གཞུང་ལ་གང་མགྱོགས་གཉིད་སད་ནས་རྒྱ་ནག་གིས་ཨ་རིའི་མི་རབས་གསར་པ་རྣམས་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་དེ་གང་མགྱོགས་འགོག་དགོས་པར་རྗོད་བཞིན་ཡོད་འདུག ཇིམ་སྦན་ཀི་ཟེར་བའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་བརྗོད་དོན་ལ། ཁོང་གིས་ཨ་རིའི་ཤེས་རིག་དྲུང་ཆེན་( Miguel Cardone )ལ་ཞུ་ཡིག་གཅིག་ཕུལ་ཡོད་པ་དང་། ཞུ་ཡིག་ནང་རྒྱ་ནག་དང་ལྷན་དུ་རིག་གཞུང་བརྗེ་ལེན་གྱི་ལས་གཞི་ཟེར་བ་དེ་མཚམས་འཇོག་བྱས་ནས་རྒྱ་ནག་དམར་ཤོག་གཞུང་ལ་ནམ་ཡང་ཡིད་ཆེས་བྱེད་མི་ཉེན། རྒྱ་ནག་གིས་ཨ་རིའི་སློབ་གྲྭ་ཁག་ལ་དཔལ་འབྱོར་རོགས་སྐྱོར་དེ་ངོས་ལེན་བྱས་པ་ཡིན་ན། ཨ་རིའི་མི་རབས་གསར་པ་རྣམས་ལ་ཉེན་ཁ་བཟོ་བཞིན་ཡོད་པར་བརྗོད་ཡོད་འདུག 

ཐོག་མར་དོན་རྐྱེན་དེ་རིག་གཞུང་བརྗེ་ལེན་གྱི་མིང་ཐོག་ནས་ཁུང་ཙེ་བསྟི་གནས་ཁང་(Confucius Institution )ཟེར་བ་དེ་ཨ་རིའི་ནང་མང་པོ་བཙུགས་ཡོད་པ་དང་། ཁུང་ཙེ་བསྟི་གནས་ཁང་བརྒྱུད་ནས་རྒྱ་ནག་གི་ཤུགས་རྐྱེན་རིམ་བཞིན་སྤེལ་གྱི་ཡོད་འདུག ཁུང་ཙེ་བསྟི་གནས་ཁང་བརྒྱུད་ནས་རྒྱ་ནག་གི་ཤུགས་རྐྱེན་ནུབ་ཕྱོགས་རྒྱལ་ཁབ་ཁག་མང་པོ་ལ་སླེབས་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་བསྟི་གནས་ཁང་དེ་དག་སྒོ་བརྒྱབས་ཡོད་འདུག ཕྱི་ལོ་༢༠༢༡ ནང་ཨ་རིའི་བདེ་སྲུང་དང་འབྲེལ་བའི་ཁྲིམས་འཆར་(The 2021 National Defence Authorization Act) ཟེར་བ་དེ་ཡིས། ཨ་རིའི་ནང་ཡོད་པའི་མཐོ་སློབ་ཁག་གི་ནང་རྒྱ་ནག་གིས་ཁུང་ཙེ་བསྟི་གནས་ཁང་བཙུགས་པ་དག་ལ་དངུལ་གྱི་རོགས་སྐྱོར་བཀག་སྡོམ་བྱས་པར་བརྟེན། ཨ་རིའི་ནང་ཡོད་པའི་ཁུང་ཙེ་བསྟི་གནས་ཁག་ཁྱོན་༡༠༠ ལྷག་ཙམ་སྒོ་བརྒྱབས་ཡོད་འདུག 

འདི་ལོའི་སྤྱི་ཟླ་༡ ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་(Michael Waltz)ཟེར་བ་ཁོང་ཨ་རིའི་དམག་སྡེའི་ལྷན་ཚོགས་ཤིག་གི་ཚོགས་མི་ཡིན་པར་བརྟེན། ཁོང་གིས་ཨ་རིའི་ནང་ཡོད་པའི་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་འོག་ཡོད་པའི་སྒེར་གྱི་སློབ་གྲྭ་ཁག་ལ་དོགས་གཞི་བྱུང་སྟེ་ཞིབ་འཇུག་འགོ་འཛུགས་སྐབས། ཨ་རིའི་ནང་སྙན་གྲགས་ཆེ་བའི་སློབ་གྲྭ་ཁག་དུ་མའི་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་གིས་དངུལ་གྱི་རོགས་སྐྱོར་བྱས་ཏེ་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།