རྒྱ་ནག་གི་སྔོན་འགོག་སྨན་ཁབ་’འཛམ་གླིང་སྟེང་གི་བདེ་འཇགས་ཆུང་ཤོས་ཀྱི་སྔོན་འགོག་སྨན་རེད་’ཟེར།
རྒྱ་ནག་གི་སྔོན་འགོག་ཆེད་ལས་སྨན་པ་ཞིག་གིས་རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་ལ་ཟུར་གནོད་(side effects) ༧༣ ཡོད་པས། “འཛམ་གླིང་སྟེང་གི་བདེ་འཇགས་ཆུང་ཤོས་ཀྱི་སྔོན་འགོག་སྨན་ཁབ་རེད་”ཅེས་བཤད་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༣༠ ཉིན་རྒྱ་ནག་གིས་གཞུང་འབྲེལ་རྒྱ་སྨན་བཟོ་ཚོང་ཁང་(Sinopharm) ནས་བཟོས་པའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་དེ་མི་མང་སྤྱི་ལ་རྒྱག་པའི་ཆོག་མཆན་སྤྲད་པ་དང་། གཞུང་འབྲེལ་སྨན་རྫས་བཟོ་ཚོང་ཁང་དེས་སྔོན་འགོག་སྨན་ཁབ་དེས་ཕན་ནུས་བརྒྱ་ཆ་༧༩.༣༤ འཐོན་གྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད།
ཡིན་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་རྟེན་གཞི་བྱས་པའི་སྔོན་འགོག་ཆེད་ལས་སྨན་པ་ཏའོ-ལི་ན་(Tao Lina) ཟེར་བ་ཞིག་གིས་ཉེ་ཆར་སྔོན་འགོག་སྨན་ཁབ་དེའི་ཕན་གནོད་ཀྱི་འགྲེལ་བཤད་རང་ཉིད་ཀྱི་ཝེ་བྷོ་དྲ་བའི་(Weibo) ཐོག་ཏུ་བཀོད་པ་མ་ཟད། ཁོང་གིས་སྔོན་འགོག་སྨན་ཁབ་འགྲེལ་བཤད་དུ་བཀོད་པའི་ཡོང་སྲིད་པའི་ཟུར་གནོད་རྣམས་བརྩིས་པ་ན། ཁྱོན་སྡོམ་ཟུར་གནོད་༧༣ ཡོད་པ་ཤེས་རྟོགས་བྱུང་ཚུལ་བཤད་ཡོད་འདུག
སྔོན་འགོག་ཆེད་ལས་སྨན་པ་ཁོང་གིས་བརྗོད་པ་ལྟར་ན། རྒྱ་ནག་གི་སྔོན་འགོག་སྨན་ཁབ་དེའི་ཕན་གནོད་ཀྱི་འགྲེལ་བཤད་ནང་། ཁབ་རྒྱག་སའི་ལུས་པོའི་ཆ་ཤས་ལ་ན་ཟུག་དྲག་པོ་གཏོང་བ་དང་མགོ་ན་བ་ཙམ་མ་ཟད། ཁྲག་ཤེད་མཐོ་རུ་གཏོང་བ་དང་། མིག་ལོང་བ། ཟས་ཀྱི་བྲོ་བ་འཆོར་བ། ཟླ་མཚན་དུས་ཐོག་ཏུ་མི་འབབ་པ། གཅིན་སྡོམ་པའི་ནུས་པ་འཆོར་བ་ལྟ་བུའི་ཟུར་གནོད་ཚབས་ཆེན་རྣམས་ཡོང་སྲིད་པའི་སྐོར་བཀོད་ཡོད་འདུག
ཁོང་གིས་འགྲེལ་བཤད་ནང་བཀོད་པའི་གནོད་སྐྱོན་དེ་དག་ལ་བརྟེན་ནས་སྔོན་འགོག་སྨན་ཁབ་དེ་ནི་“འཛམ་གླིང་སྟེང་གི་བདེ་འཇགས་ཆུང་ཤོས་ཀྱི་སྔོན་འགོག་སྨན་དེ་ཆགས་ཡོད་”ཅེས་བྲིས་པའི་ཁར། གནོད་སྐྱོན་འདི་འདྲའི་མང་པོ་ལྡན་པའི་སྔོན་འགོག་སྨན་ཁབ་ཅིག་“ད་བར་དུ་གཏན་ནས་འབྱུང་མྱོང་མེད་”ཅེས་བརྗོད་ཡོད་འདུག
དེ་མིན་ད་དུང་། ཁོང་གིས་སྔོན་འགོག་སྨན་ཁབ་དེ་ལ་ཡོང་སྲིད་པའི་ཟུར་གནོད་རྣམས་འགྲེལ་བཤད་དུ་བྲིས་ཡོད་སྟབས། སྨན་ཁབ་བརྒྱབ་པའི་མི་ཚོ་ལ་གནོད་སྐྱོན་དེ་དག་དངོས་སུ་བྱུང་ན་ཡང་བཟོ་ཚོང་ཁང་ལ་གུན་གསབ་སློག་དགོས་པའི་ཞུ་གཏུག་བྱེད་པའི་ཐོབ་ཐང་མེད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག
སྨན་པ་ཁོང་གིས་དེ་ལྟར་རྒྱ་ནག་གི་སྨོན་འགོག་སྨན་ཁབ་དང་འབྲེལ་བའི་ཉེན་བརྡ་བཏང་བའི་རྗེས། རྒྱ་ནག་གཞུང་གིས་ཁོང་གི་ཝེ་བྷོ་དྲ་བའི་ཁ་བྱང་བསུབས་ནས་ད་ལྟའི་ཆར་ལྟ་ཀློག་བྱེད་མི་ཐུབ་པར་གྱུར་འདུག
དེ་རིང་ཚེས་༧ ཉིན་རྒྱ་ནག་གི་གཞུང་འབྲེལ་བོད་ཡིག་གསར་ཁང་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཟླ་འདིའི་ཚེས་༢ ནས་བཟུང་སྟེ་སྔོན་འགོག་གི་སྨན་ཁབ་དེ་རྒྱག་པའི་འགོ་བརྩམས་འདུག་པ་དང་། དེ་ཡང་ལོ་ན་“༡༨ ནས་༥༩ བར་གྱི་རིམས་ནད་ཕོག་ཉེན་ཆེ་བའི་མི་ཚོགས་ལ་སྔོན་མངག་ལྟར་སྨན་ཁབ་རྒྱག་གི་ཡོད་”འདུག་པ་དང་། “སྨན་ཁབ་བརྒྱབ་རྗེས། ལྟ་ཞིབ་ཁང་དུ་སྐར་མ་༣༠ ངལ་གསོས་ནས་སྡོད་དགོས་པ་དང་། མི་བདེ་བའི་སྣང་ཚུལ་མ་ཐོན་ཚེ་སྨན་ཁབ་རྒྱག་ས་ནས་ཁ་བྲལ་ཆོག་”ཚུལ་བྲིས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།