རྒྱ་ནག་གི་སྙན་ཐོ་ཞིག་གི་ནང་ཨ་རྒྱའི་བར་དམག་འཁྲུག་འབྱུང་སྲིད་ཚུལ་འཁོད་ཡོད་འདུག

རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་ཚོགས་པ་ཆེ་ཤོས་ཀྱིས་བཏོན་པའི་སྙན་ཐོ་ཞིག་གིས། པེ་ཅིང་སྲིད་གཞུང་ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་ཨ་རྒྱ་གཉིས་བར་དྲག་པོའི་གདོང་ཐུག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་ཟླ་ ༥ ཚེས་ ༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ནས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་གི་ནང་ཁུལ་སྙན་ཐོ་ཞིག་གིས་པེ་ཅིང་སྲིད་གཞུང་ལ་ད་ལྟ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་རྒྱ་ནག་ཕྱོགས་སུ་སྡང་སེམས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་དྲག་པོའི་གདོང་ཐུག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག 

སྙན་ཐོ་དེ་ནི་ཟླ་སྔོན་མའི་འགོ་སྟོད་ལ་རྒྱ་ནག་རྒྱལ་སྲུང་ལས་ཁུངས་(Ministry of State of Security)ནས་ཞི་ཅིན་ཕིང་འདུས་པའི་པེ་ཅིང་གི་འགོ་གཙོ་རྣམས་ལ་ཕུལ་བ་ཞིག་ཡིན་འདུག་ཅིང་། དེའི་ནང་ད་ལྟ་རྒྱ་ནག་ལ་མི་དགའ་བ་བྱེད་པ་ནང་བཞིན་ཞིག་ཕྱི་ལོ་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་དྲག་རྡུང་གི་རྗེས་སུ་གཏན་ནས་འབྱུང་མྱོང་མེད་པའི་མཐའ་སྡོམ་བཀོད་ཡོད་འདུག 

སྙན་ཐོ་དེའི་ནང་དོན་ལ་རྒྱུས་མངའ་ལྡན་ཞིང་མིང་བརྗོད་འདོད་མེད་པའི་མི་རྣམས་ཀྱིས་རྒྱལ་སྤྱིའི་གསར་ཁང་དེ་དག་ལ་བརྗོད་པ་ལྟར་ན། སྙན་ཐོ་དེའི་ནང་ནད་ཡམས་ཀྱི་རྗེས་སུ་རྒྱ་ནག་ལ་ཨ་རིས་སྣེ་ཁྲིད་པའི་འཁོན་སེམས་ཆེན་པོ་འབྱུངངེས་པས། རྒྱ་ནག་གིས་གོ་ལའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་དྲག་པོའི་གདོང་ཐུག་འབྱུང་སྲིད་པའི་གནས་སྟངས་སྡུག་ཤོས་དེའི་ཆེད་དུ་སྟ་གོན་བྱེད་དགོས་ཚུལ་འཁོད་ཡོད་འདུག

སྙན་ཐོ་དེ་ནི་རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་ཁང་(China Institutes of Contemporary Internation Relations)ནས་བཏོན་པ་ཡིན་འདུག་ཅིང་། ཉམས་ཞིབ་ཁང་དེ་ནི་རྒྱ་ནག་རྒྱལ་སྲུང་ལས་ཁུངས་དང་འབྲེལ་བའི་ཉམས་ཞིབ་ཚོགས་པ་ཞིག་ཡིན་པ་དང་། དེས་རྒྱ་ནག་གཞུང་ལ་ཕྱི་འབྲེལ་དང་བདེ་སྲུང་གི་སྲིད་བྱུས་ཐོག་སློབ་སྟོན་བྱེད་ཀྱི་ཡོད་འདུགˌ

ད་ལྟ་ཨ་རིས་རྒྱ་ནག་ལ་ནད་ཡམས་ཐོག་མར་འབྱུང་དུས་སྦས་གསང་བྱས་པར་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་ཐོག རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་གསར་པ་འཇོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱིན་ཡོད་སྟབས། ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ལོ་ངོ་བཅུ་ཕྲག་འགའི་ནང་གི་ཆེས་སྐྱོ་ཤོས་དེར་བསླེབས་ནས་ཡོད། །

 

གསར་འགོད་པ་དཀོན་མཆོག་རབ་བརྟན།