རྒྱ་ནག་གི་སྨན་ཁང་ཨང་དང་པོས་འགོ་ཁྲིད་ཚོའི་ཚེ་ཚད་༡༥༠ བར་སྲིང་བའི་ལས་འཆར་བསྟན་འདུག 

ཟླ་འདིའི་ཚེས་༡༧ ཉིན་ཨེ་ཕོ་ཁི་དུས་བབ་གསར་ཁང་(The Epoch Times)གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྨན་ཁང་ཨང་དང་པོས་འགོ་ཁྲིད་ཚོའི་ཚེ་ཚད་༡༥༠ བར་སྲིང་བའི་ལས་འཆར་ཞིག་བསྟན་འདུག 

དེ་ཡང་རྒྱ་ནག་གི་ས་ཕྱོགས་གང་སར་“མི་དམངས་ལ་ཞབས་འདེགས་སྒྲུབ་དགོས་”ཞེས་པའི་འབོད་ཚིག་མཐོང་རྒྱུ་ཡོད་མོད། འོན་ཀྱང་རྣམ་དཔྱོད་ལྡན་པའི་མི་སེར་ཞིག་གིས་རྒྱལ་ཁབ་ཀྱི་ལམ་ལུགས་དེ་དོན་དངོས་ཐོག་དམར་ཤོག་ཚོགས་པ་དང་། དེའི་གོ་ཁྲིད་ཚོ་ལ་ཞབས་འདེགས་སྒྲུབ་ཆེད་བཟོས་པ་ཞིག་ཡིན་པ་ཤེས་ངེས། 

ཟླ་འདིའི་ཚེས་༡༥ ཉིན་པེ་ཅིང་གི་༣༠༡ རྟགས་ཅན་གྱི་སྨན་ཁང་གིས་སྐད་འཕྲིན་བརྒྱུད་དེ་བརྡ་ཁྱབ་བརྙན་ཐུང་ཞིག་སྤེལ་བའི་ནང་། ཁོ་ཚོས་རྒྱ་ནག་གི་འགོ་ཁྲི་ཚོའི་བདེ་ཐང་རྒྱུན་འཛིན་བྱེད་པའི་ལས་འཆར་ཞིག་གཉེར་བཞིན་ཡོད་པ་མ་ཟད། གོམ་སྟབས་རྗེས་མ་དེ་འགོ་ཁྲིད་ཚོའི་ཚེ་ཚད་༡༥༠ བར་སྲིང་རྒྱུ་ཡིན་ཚུལ་བསྒྲགས་ཡོད་འདུག 

བརྙན་ཐུང་དེ་རྒྱ་ཁྱབ་དང་བརྒྱུད་སྤེལ་ཤུགས་ཆེན་བྱུང་ནས་ཅང་མ་འགོར་བར་མི་མང་ཁྲོད་ཞེ་སྡང་དྲག་པོ་བསླངས་པས། ཕྱི་ཉིན་(ཚེས་ ༡༦ ཉིན)ཕྱིར་བསྡུ་བྱས་འདུག

༣༠༡ རྟགས་ཅན་གྱི་སྨན་ཁང་ནི་རྒྱ་ནག་གི་སྨན་ཁང་ཨང་དང་པོ་དང་། རྒྱུན་པར་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་རྣམས་བརྟག་དཔྱད་སྨན་བཅོས་བྱེད་ས་དེ་ཡིན། བརྡ་ཁྱབ་དེའི་དམིགས་ཡུལ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱི་འཕྲོད་བསྟེན་ལས་འཆར་ཆེ་བརྗོད་བྱས་ཏེ་སྨན་ཁང་ཁྱབ་བསྒྲགས་ཡོང་སླད་ཡིན་འདུག་ཅིང་། དེའི་ནང་ཁོ་ཚོའི་འཕྲོད་བསྟེན་ལས་འཆར་དེ་འཛམ་གླིང་ནང་གི་ཆེས་ལེགས་ཤོས་དེ་ཡིན་སྐོར་བརྗོད་པ་དང་། དེའི་བདེན་དཔང་ལ་ཕྱི་ལོ་༢༠༠༨ ལོར་ཞིབ་འཇུག་བྱས་པའི་གྲུབ་དོན་གཞིར་བཟུང་ན། དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱི་རྒྱུན་ལྡན་གྱི་ཚེ་ཚད་དེ་ལོ་༨༨ ཡིན་ཞིང་། དེ་ནི་སྤྱི་ཡོངས་ཆ་ནས་ནུབ་ཕྱོགས་སྔོན་ཐོན་རྒྱལ་ཁབ་དག་གི་འགོ་ཁྲིད་ཚོའི་ཚེ་ཚད་ལས་རིང་བ་ཡིན་ཚུལ་དྲངས་འདུག 

ཁྱབ་བསྒྲགས་དེའི་སྣེ་མོ་ཏག་ཏག་ལ། “འགོ་ཁྲིད་ཚོའི་འཕྲོད་བསྟེན་བདེ་ཐང་ལས་འཆར་ཨང་༩༨༡”ཞེས་པའི་ལས་འཆར་ཞིག་ཕྱི་ལོ་༢༠༠༥ ལོར་འགོ་བཙུགས་ཤིང་། དེའི་དམིགས་ཡུལ་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་ཚེ་ཚད་༡༥༠ བར་སྲེང་རྒྱུ་ཡིན་ཚུལ་བསྟན་ཡོད་འདུག 

བརྡ་ཁྱབ་ཀྱི་བརྙན་ཐུང་དེའི་ནང་བཀོལ་སྤྱོད་བྱས་པའི་མིང་ཚིག་གལ་ཆེན་ཞིག་ནི། “དོན་ལྔའི་ནུས་པ་སླར་གསོ་བ་”ཞེས་པ་དེ་ཡིན་འདུག་ཀྱང་། ཨ་རིར་སྐྱབས་བཅོལ་དུ་བྲོས་པའི་རྒྱ་ནག་གི་ཕྱུག་བདག་ཀོའུ་ཝན་གྷོ་(Guo Wenggui) ཡིས་དེ་སྔོན་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་ཚེ་ཚད་དངོས་གནས་རིང་ཡང་། ཁོ་ཚོ་ཚེ་རིང་པོར་གནས་པའི་མན་ངག་དེ་ཁོ་ཚོ་ལོ་རྒས་ནས་དོན་ལྔའི་ནུས་པ་ཉམས་པའི་དཀའ་ངལ་འཕྲད་དུས། ན་གཞོན་རྣམས་བསད་དེ་དོན་ལྔ་འདོན་རྒྱུ་ཡིན་ཚུལ་བཤད་ཡོད། ཁོ་ཚོས་ད་དུང་གསར་དུ་བརྗེས་པའི་དོན་ལྔ་རྣམས་བདེ་ཐང་ཉར་ཆེད། ལོ་ན་གཞོན་པའི་ཉེན་རྟོག་པ་ཚོའི་ལུས་ནས་ཁྲག་ཀྱང་འཐེན་གྱི་ཡོད། 

གཞན་ཡང་ཕྱུག་བདག་ཀོའུ་ཝན་གྷོ་ཡིས་ཞིབ་ཏུ་བརྗོད་པ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མིན་གྱི་བུ་ཅང་མན་ཧན་(Jian Mianheng) ལོ་ཤས་གོང་དུ་འབྲས་སྐྲན་ན་ནས་དོན་ལྔ་བརྗེ་བའི་གཤག་བཅོས་ཐེངས་གཅིག་མིན་བྱས་ཡོད་པས། ན་གཞོན་འགའ་ཤས་ཤིག་བཙན་པོ་དབང་ཡོད་ཀྱིས་དམར་གསོད་བྱས་ནས་དོན་ལྔ་བླངས་ཡོད། 

རྒྱ་ནག་ཏུ་ཤེས་ཡོན་སློབ་གསོ་དང་། སྨན་བཅོས། ཁང་པ་བཅས་ལ་“གདུག་རྩུབ་ཆེ་བའི་རི་བོ་གསུམ་”ཞེས་འབོད་སྲོལ་ཡོད་ཅིང་། དེའི་གོ་དོན་ནི་དེ་གསུམ་རྒྱ་ནག་མི་མང་ཚོའི་་རྡོག་ཁྲིས་ལྕི་ཤོས་གསུམ་ཡིན་ཟེར་བ་ཡིན། འོན་ཀྱང་གོ་གནས་མཐོ་བའི་འགོ་ཁྲིད་ཚོས་རིན་མེད་སྨན་བཅོས་ལོངས་སུ་སྤྱོད་པ་མ་ཟད།  ཐ་ན་བགྲེས་ཡོལ་བྱས་ཚར་རྗེས་ཀྱང་མུ་མཐུད་དེ་ལྟར་ལོངས་སུ་སྤྱོད་ཀྱི་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།