རྒྱ་ནག་གི་སྲིད་བྱུས་ཀོ་བ་རློན་པའི་ཞྭ་མོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༢ ཕྱི་ལོ་ ༢༠༡༦/༩ /༡༤
ཕྱི་ལོ་༡༩༩༧ ལོའི་ཟླ་༧ ཚེས་༡ ཉིན་ཧོང་ཀོང་མེས་རྒྱལ་གྱི་པང་དུ་ལོག་པ་ཞེས་རྒྱ་གཞུང་གི་དྲིལ་བསྒྲགས་འོག་རྒྱ་ནག་གི་ས་ཁུལ་ཚང་མ་ནས་དགའ་བསུའི་མཛད་སྒོ་འདྲ་མིན་འཚོགས་ཡོད་པ་དང། ཧོང་ཀོང་གི་ངོས་ནས་ཐོག་མའི་འབྱུང་ཁུངས་རྒྱ་ནག་ཡིན་པ་སོགས་ཀྱིས་དགའ་སྤྲོའི་བསམ་བློ་ཡོད་མཁན་ཧ་ཅང་མང་པོ་ཡོད་འདུག དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་ནས་མི་ལོ་ཉི་ཤུ་ལ་ཉེ་བའི་དུས་འདིར་ཧོང་ཀོང་མི་མང་དང་། ལྷག་པར་དུ་ན་གཞོན་ཚོའི་ནང་དུ་རྒྱ་དམར་གཞུང་གི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང། ངོ་རྒོལ་བྱེད་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད། ཉེ་བའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྐབས་རྒྱ་དམར་གཞུང་གིས་ཧོང་ཀོང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་འོས་གཞིའི་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་བཀྲམ་མིན་ལ་མ་ལྟོས་པར། ཧོང་ཀོང་མི་མང་གིས་རྒྱབ་སྐྱོར་བརྒྱུད་ཧོང་ཀོང་རང་བཙན་གྱི་ལངས་ཕྱོགས་གསལ་པོ་འཛིན་མཁན་མི་གྲངས་༡༨ ལ་འོས་ཐོབ་ཡོད་པ་རེད།
རྒྱ་དམར་གཞུང་གི་ངོས་ནས་ཐོག་མའི་ཆར་རྩ་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་གསར་གཏོད་བྱས་པ་དང། ཧོང་ཀོང་ལ་མང་གཙོའི་རང་དབང་ཆ་ཚང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང། རིམ་པས་གནས་སྟངས་སྡུག་ཏུ་བཏང་ནས་ད་ལྟའི་ཆར་ཧོང་ཀོང་མི་མང་སྐད་ཤོར་དགོས་བྱུང་ཡོད་པ་རེད། འདས་པའི་ལོ་ཤས་ནས་བཟུང་ཉི་གདུགས་ཀྱི་ལས་འགུལ་སོགས་ལས་འགུལ་མང་པོ་སྤེལ་ཡོད་ཀྱང། དེ་ལ་རྒྱ་དམར་གཞུང་གིས་ཡ་ལན་བདག་སྤྲོད་དང་ལེགས་བཅོས་གང་ཡང་བྱས་མེད་སྟབས། གཞོན་སྐྱེས་ལས་འགུལ་བ་དག་གི་སེམས་ནང་དུ་རྒྱ་དམར་གཞུང་ལ་འཁོན་འཛིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་ཧོང་ཀོང་དེ་རྒྱ་དམར་གཞུང་གི་ཁུར་པོ་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད་པ་གཏན་ནས་མ་རེད། དཔེར་ན་ཉེ་བའི་ཆར་ཧོང་ཀོང་གི་སློབ་གྲྭ་༢༠ ཙམ་གྱི་སློབ་མས་སྤེལ་བའི་བསྒྲགས་གཏམ་ཞིག་ཏུ། སློབ་གྲྭའི་ནང་རང་བཙན་གོ་རྟོགས་སྤེལ་བར་བཀག་འགོག་མུ་མཐུད་བྱས་ཚེ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་འདུག
རྒྱ་གཞུང་གིས་བརྒྱུད་སྐུལ་ལམ་སྟོན་འོག་ཧོང་ཀོང་ཤེས་ཡོན་ལྷན་ཁང་གིས། སློབ་གྲྭའི་ནང་དགེ་རྒན་ཚོས་ཧོང་ཀོང་གི་རང་བཙན་ལྟ་བར་རྒྱབ་སྐྱོར་ཐོག་ཁྱབ་སྤེལ་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་དགེ་རྒན་གྱི་སློབ་ཁྲིད་ཆོག་པའི་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། སློབ་གྲྭ་ཁག་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་མི་ཆོག་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་དེ་ལ་བརྟེན་ནས་གོང་གསལ་གྱི་གནས་ཚུལ་དེ་ཐོན་པ་ཞིག་ཡིན་འདུག ཐའེ་ཝན་མི་མང་གི་ངོས་ནས་ཀྱང་ལོ་འདིར་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལྕམ་ཚའེ་དབྱིན་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་འདི་ཡང། ཕྱོགས་གཅིག་ནས་ཐའེ་ཝན་མི་མང་གི་བསམ་བློའི་ནང་དེ་ལྟ་བུའི་ལངས་ཕྱོགས་ཤིག་སྔོན་མ་ནས་ཡོད་པ་ཞིག་དང། ཕྱོགས་གཞན་ཞིག་ནས་ཧོང་ཀོང་རྒྱ་ནག་གི་འོག་ཏུ་སོང་ནས་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཀྱི་ཐོག་ནས་ཀྱང་ཤུགས་རྐྱེན་ཐེབས་ཡོད་ངེས་རེད།
རྒྱ་དམར་གཞུང་གི་སྲིད་བྱུས་དང་བྱེད་སྟངས་ཚང་མ་ཀོ་བ་རློན་པའི་ཞྭ་མོ་དང་འདྲ་བར་ཐོག་མ་འཇམ་ལ་ལྷོད་པ་ལྟ་བུ་ཞིག་ཡོད་ཀྱང། རིམ་པས་དམ་དུ་འགྲོ་མ་བ་ཟད། མཁྲེགས་སུ་སོང་སྟེ་གཏན་ནས་གྱོན་མི་ཐུབ་པ་ཞིག་ཏུ་འགྱུར་འགྲོ་བ་དང། མར་ཕུད་དགོས་ཀྱང་ལས་སླ་པོ་མེད་པ་ཞིག་ཏུ་འགྱུར་འགྲོ་བ་ནི་གནས་སྟངས་གང་ཐད་ནས་བལྟས་ཀྱང་གསལ་པོར་གྱུར་ཡོད་སྟབས། རྒྱ་གཞུང་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གནས་སྡོད་བྱེད་ཡུལ་བོད་དང། ཤར་ཏུར་ཀི་སི་ཐན། ནང་སོག ཧོང་ཀོང་སོགས་ཀྱི་ངོས་ནས་ཀྱང་གནས་སྐབས་ཁོར་ཡུག་དང་གོ་སྐབས་ཡོད་མེད་ཙམ་མ་གཏོགས་གནས་སྟངས་འདི་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་གསལ་པོ་ཤེས་རྟོགས་བྱུང་ཡོད་པ་ནི་སྨྲོས་མ་དགོས་པ་རེད། དེ་ལ་རྒྱུས་མངའ་མེད་མཁན་དག་གིས་རྒྱ་ནག་གི་ཕྱི་དངོས་པོའི་ཡར་རྒྱས་དང་། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་སོགས་ལ་བསམ་བློ་བཏང་ནས་རྒྱ་གཞུང་གི་འོག་ཏུ་གྲངས་ཉུང་མི་རིགས་ཁག་ལ་དྲོ་སྐྱིད་ཅིག་ཡོད་པའི་རེ་བ་རྒྱག་མཁན་ཡང་མི་ཉུང་བ་ཞིག་ཡོད་མུས་རེད།
དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་པའི་ལས་འགུལ་དང་། དེའི་དམིགས་འབེན་གཙོ་བོ་རང་ཉིད་དང་དབང་ཆའི་འཐབ་རྩོད་བྱེད་ཡུལ་དུ་གྱུར་པའི་འགོ་ཁྲིད་རྣམས་རིམ་པས་རྩ་མེད་དུ་གཏོང་ཐབས་ཀྱི་ལས་འགུལ་འདི་ཉིད་ལ་ཕྱོགས་གཅིག་ནས་གྲུབ་འབྲས་ཆེན་པོ་ཐོབ་བཞིན་ཡོད་ནའང། ཕྱོགས་གཅིག་ནས་རྒྱ་གཞུང་གི་དཔོན་རིགས་ནང་དབང་ཆའི་འཐབ་རྩོད་ཆེན་པོ་ཡོད་པ་མ་ཟད། དེ་ཡང་འགལ་བ་ཧ་ཅང་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པས། ཕྱི་ལོ་༢༠༡༧ ལོར་སླར་ཡང་མུ་མཐུད་ཞི་ཅིན་ཕེན་རྒྱ་ནག་གི་སྲིད་འཛིན་ཆགས་ཐུབ་མིན་ཐད་རྩ་བས་འགྲོ་སྟངས་ཐོག་ནས་ཐེ་ཚོམ་མེད་པ་ཞིག་ཏུ་གྱུར་ཡོད་ཀྱང། ནང་ཁུལ་དབང་ཆའི་འཐབ་རྩོད་འོག་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཡང་འབྱུང་མི་སྲིད་པ་གཏན་ནས་མིན། དེར་བརྟེན་ད་ལྟའི་ཆར་རྒྱ་གཞུང་གི་ཆབ་སྲིད་ཀྱི་གནས་བབས་ཡག་པོ་ཡོད་པ་དང། ཡར་རྒྱས་དང་སྲ་བརྟན་གྱི་གནས་བབས་ལྟ་བུ་ཡོད་ཀྱང་ཐག་བཅད་ནས་དེ་ལྟར་རྒྱུན་རིང་གནས་ཐུབ་མིན་ཚོད་དཔག་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད།།