རྒྱ་ནག་གི་སྲིད་བློན་ཟུར་པ་ལིས་ཁེ་ཆང་གློ་བུར་དུ་སྙིང་ནད་ཕོག་སྟེ་རྐྱེན་འདས་སུ་ཕྱིན་ཡོད་འདུག

ཕྱི་ལོ་༢༠༡༣ ནས་ཞི་ཅིན་ཕེང་གི་སྲིད་འཛིན་དུས་ཡུན་གཉིས་ཀྱི་རིང་དུ་སྲིད་བློན་བྱས་མྱོང་ཡོད་པའི་རྒྱ་ནག་དམར་ཤོག་གི་སྲིད་བློན་ཟུར་པ་(Li Keqiang)ལིས་ཁེ་ཆང་ཧྲང་ཧེ་གྲོང་ཁྱེར་དུ་གུང་སེང་སྐབས་སྙིང་ནད་ཕོག་སྟེ་རྐྱེན་འདས་སུ་ཕྱིན་ཡོད་འདུག
ཕྱི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གི་བརྙན་འཕྲིན་ཁང་(CCTV)་ཡིས་བརྗོད་དོན་ལ། ལིས་ཁེ་ཆང་ཕྱི་ཚེས་༢༦ ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གུང་སེང་སྐབས་གློ་བུར་དུ་སྙིང་ནད་ཕོག་ཡོད་འདུག་པ་དང་། དེའི་རྗེས་སྨན་ཁང་དུ་ཕྱིན་ཡང་བཅོས་ཐབས་མ་བྱུང་བར། ཕྱི་ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་དང་པོ་མ་ཟིན་ཙམ་ལ་རྐྱེན་འདས་སུ་ཕྱིན་པར་བརྗོད་འདུག རྒྱ་ནག་གི་སྲིད་བློན་ཟུར་པ་ལིས་ཁེ་ཆང་ལ་མཚོན་ན། ཞི་ཅིན་ཕིང་གི་སྲིད་འཛིན་དུས་ཡུན་གཉིས་ཀྱི་རིང་སྟེ། ཕྱི་ལོ་༢༠༡༣ ནས་༢༠༢༣ བར་ལོ་ངོ་༡༠ རིང་ལ་སྲིད་བློན་བྱས་ཡོད་པ་དང་། འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་ཡིན་པའི་རྒྱ་ནག་ནང་སྲིད་བློན་ལོ་༡༠ རིང་བྱས་ཡོད་ཀྱང་། ཉེ་ཆར་ཞི་ཅིན་ཕིང་གི་སྲིད་འཛིན་དུས་ཡུན་གསུམ་པ་འགོ་འཛུགས་དུས་སྲིད་བློན་ལིས་ཁེ་ཆང་བསྐྱར་དུ་སྲིད་བློན་དུ་བདམས་མེད་པར་བརྟེན། སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ། ཁོ་ནི་ཞི་ཅིན་ཕིང་གི་བློ་ཐག་ཉེ་བའི་མིའི་ཁོངས་སུ་བཅུག་མེད་པ་དང་། དེ་སྔོན་ལིས་ཁེ་ཆང་སྲིད་བློན་ཡིན་དུས་སྲིད་འཛིན་ཞི་ཅིན་ཕིང་དང། ཁོ་གཉིས་བར་མ་འཆམ་པའི་གནད་དོན་དུ་མ་བྱུང་ཡོད་པ་མ་ཟད། མཚམས་རེར་གཞུང་འབྲེལ་གྱི་མཛད་སྒོ་འགའི་གཏམ་བཤད་སྐབས་སུ་ཕན་ཚུན་མི་མཐུན་པའི་གཏམ་བཤད་སྤེལ་ཡོད་པ་ཡང་རྗོད་མཁན་འདུག དེ་སྔོན་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཁྱབ་དུས་སྲིད་བློན་ཟུར་པ་ལིས་ཁེ་ཆང་གིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད་པས། ད་ཆར་རྒྱ་ནག་གི་དཔལ་འབྱོར་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། གཞུང་གི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་བཟོ་གྲྭ་དང་ཚོང་གཉེར་ཁང་དག་གིས་ལས་དོན་བཀག་ན་མི་འགྲིག་པ་བརྗོད་ཡོད་ཀྱང་། སྲིད་འཛིན་ཞི་ཅིན་ཕིང་གིས་ (zero-Covid)ནད་དུག་ཀླད་ཀོར་ཟེར་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་ནས་ཚོང་གཉེར་ཚང་མ་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་བཏང་ནས་ཁོང་གཉིས་བར་མི་མཐུན་པའི་གནད་དོན་བྱུང་ཡོད་པ་ཡང་རྗོད་མཁན་འདུག
དེ་བཞིན་སྲིད་བློན་ཟུར་པ་ལིས་ཁེ་ཆང་ནི་དཔལ་འབྱོར་རིག་པའི་ཐོག་མཁས་པ་ཞིག་ཡིན་འདུག་ལ་དབྱིན་སྐད་ཀྱང་ཤེས་ཀྱི་ཡོད་འདུག ཁོས་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་དཔལ་འབྱོར་སྲིད་བྱུས་ཐོག་འགྱུར་བ་གཏོང་རྒྱུ་དང་། དེ་ཡང་གཞུང་དངུལ་དུ་མ་ཆུད་ཟོས་སུ་འགྲོ་བཞིན་ཡོད་པ་དག་བཀག་སྡོམ་བྱེད་རྒྱུ། ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུ་སོགས་ཁས་ལེན་བྱས་ཡོད་པར་བརྟེན། མི་མང་མང་པོས་དགའ་བོ་བྱས་ཡོད་འདུག གཞན་ཡང་ཕྱི་ལོ་༡༩༩༤ ནས་༢༠༠༤ བར་རྒྱ་ནག་གི་Henan་ཧི་ནན་གྲོང་ཁྱེར་དུ་སྤྱི་ཁྱབ་ལོ་ན་ཆུང་ཤོས་དེ་བྱས་མྱོང་ཡོད་འདུག་ཀྱང་། ཁོ་སྤྱི་ཁྱབ་ཡིན་དུས་གྲོང་ཁྱེར་དེའི་ནང་མེ་སྐྱོན་ཐེངས་གསུམ་ཤོར་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཁོ་ལ་མིང་ཆད་ངན་པ་ཕོག་ཡོད་འདུག དེ་སྔོན་(Hu Jintao)ཧུའུ་ཅིན་ཐོའི་སྐབས་སུ་ཁོ་མ་འོངས་པའི་སྲིད་འཛིན་ཆགས་རྒྱུ་ཡིན་པར་རྗོད་མཁན་དུ་མ་བྱུང་ཡོད་འདུག
ལིས་ཁེ་ཆང་ནི་ཕྱི་ལོ་༡༩༥༥ ལོར་རྒྱ་ནག་གི་(Anhui)ཨན་ཧུའེ་ཞིང་ཆེན་དུ་ཞིང་པ་ཁྱིམ་ཚང་སྐྱོ་བོ་ཞིག་ཏུ་སྐྱེས་ཤིང་། ཕྱིས་སུ་མཐོ་སློབ་གྲགས་ཅན་(Peking University)ཕེ་ཁེངས་མཐོ་སློབ་ཟེར་བ་ནས་དཔལ་འབྱོར་རིག་པའི་ཐད་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་ཡོད་འདུག ཕྱིས་སུ་ཁོ་ན་གཞོན་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཏེ་ཐེམ་པ་རིམ་འཛེག་གིས་མཐར་སྲིད་བློན་གྱི་གོ་གནས་བར་སླེབས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༣ པ་ནས་ཁོ་རྒན་ཡོལ་བཏང་ཡོད་པ་དང་ད་ལོ་ཁོ་ལོ་༦༨ ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།