རྒྱ་ནག་གི་སྲིད་འཛིན་ལས་ཡུན་ཐོག་ཊོམ་གྱི་བསྔགས་བརྗོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་སྲིད་འཛིན་ལས་ཡུན་རིང་དུ་གཏོང་རྒྱུའི་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བསྔགས་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་“ཞི་ཅིན་ཕིང་མི་ཚེ་གཅིག་རིང་གི་སྲིད་འཛིན་རེད། རླབས་ཆེན་པོ་རེད།” ཅེས་དང་། “ཁོང་གིས་དེ་བྱེད་ཐུབ་པ་བྱུང་བ་རེད། ངས་བསམ་ན་དེ་རླབས་ཆེན་པོ་རེད། ང་ཚོས་ཀྱང་ཕལ་ཆེར་དེ་འདྲ་བྱེད་དགོས་ས་རེད།”ཅེས་བརྗོད་ཡོད་འདུག་ཅིང་། སྐད་ཆ་དེ་ནི་ཊོམ་གྱིས་རྩེད་མོའི་ཚུལ་དུ་བརྗོད་པ་ཡིན་ནམ་དངོས་གནས་ཡིན་གསལ་པོ་ཆགས་མེད་པ་དང་། དེའི་ཐོག་ཕོ་བྲང་དཀར་པོར་དྲི་བ་དྲིས་པར་ལན་འདེབས་བྱས་མེད་འདུག

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རཱོ་ཁན་ན་(Ro Khanna) ཡིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་སྲིད་འཛིན་ཊོམ་གྱི་སྐད་ཆ་དང་འབྲེལ་ནས་བརྗོད་དོན་དུ་“སྐད་ཆ་དེ་བཞད་གད་སློང་བའི་ཕྱིར་དུ་ཡིན་མིན་གང་ཡིན་ཡང་། ཞི་ཅིན་ཕིང་མི་ཚེ་གཅིག་རིང་གི་སྲིད་འཛིན་རེད་ཟེར་བརྗོད་པ་ལྟ་བུ་ནི་ཨ་རིའི་སྲིད་འཛིན་གྱིས་ཆེས་ཨ་རིའི་བསམ་སྤྱོད་དང་མི་མཐུན་པ་ཞིག་བརྗོད་པ་རེད། ཇཱོར་ཇི་ཝ་ཤིང་ཊོན་དུར་ས་ནས་འགྲེ་ལོག་རྒྱག་གི་རེད་”ཅེས་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

སྤྱིར་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་དུས་ཡུན་རིང་ཤོས་ནི་ལོ་༤ རེ་ཐེངས་གཉིས་ལ་བྱ་རྒྱུ་དེ་ཡིན་ཞིང་། ལམ་ལུགས་འདི་འགྱུར་བ་གཏོང་བར་ཐོག་མའི་ཆ་རྐྱེན་ནི། ཉུང་མཐར་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་འདུག་པ་མ་ཟད། དེ་རྗེས་མངའ་སྡེ་བཞི་ཆ་གསུམ་གྱིས་གཏན་འབེབས་བྱེད་དགོས་ཀྱི་ཡོད་འདུག

སྔར་ལོའི་ཕྱི་ཟླ་༡༢ པའི་ནང་ཌོ་ནལ་ཊོམ་གྱིས་ནིའུ་ཡོག་དུས་བབ་ལ། དམག་འཁྲུག་གི་གནད་དོན་དེ་ཚོང་འབྲེལ་གྱི་གནད་དོན་ལས་ཛ་དྲག་ཆེ་བར་བརྩི་ཡི་ཡོད་པ་དང་། རྒྱུ་མཚན་དེའི་དབང་གིས་བྱང་ཀོ་རིའི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་འཇམ་པོ་བྱེད་ཀྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།