རྒྱ་ནག་གིས་གཞུང་ཚབ་གསར་རྒྱག་དང་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་གསང་བ་ཤོར་རྒྱུའི་ཉེན་ཁ།

ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་པར།

དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་རྒྱ་ནག་གཞུང་གིས་དེ་སྔོན་ནས་གཞུང་ཚབ་གསར་པ་ཞིག་རྒྱག་རྒྱུའི་ཆོག་མཆན་འཐོབ་ཐབས་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་གཞུང་ཚབ་ལོ་ཌོན་ནང་བརྒྱབ་ཚེ། དབྱིན་ཡུལ་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་དང་། དམིགས་བསལ་གཞུང་ཚབ་ཁང་དེ་དབྱིན་ཡུལ་གྱི་དཔལ་འབྱོར་གྱི་ལྟེ་གནས་གཙོ་བོ་ཞིག་གི་ཉེ་འཁོར་དུ་གསར་རྒྱག་བྱེད་འཆར་ཡོད་པ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་དབྱིན་ཡུལ་གྱི་སྲིད་བློན་ལ་བརྗོད་འདུག 

ཕྱི་ཚེས་༩ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་དབྱིན་ཡུལ་གྱི་རྒྱལ་སར་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་གསར་རྒྱག་བྱེད་རྒྱུའི་ཆོག་མཆན་སྤྲད་ན། དེ་ནི་ཉེན་ཁ་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་དབྱིན་ཡུལ་དང་ཨ་རིའི་གཞུང་གཉིས་བར་ཚོང་དོན་གྲོས་མོལ་ལ་དོ་ཕོག་འབྱུང་སྲིད་པའི་སྐོར་གླེང་སློང་བྱས་འདུག དེ་ལ་དབྱིན་ཡུལ་གཞུང་གིས་རྒྱ་ནག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་གཞུང་ཚབ་གསར་རྒྱག་བྱེད་རྒྱུའི་ཉེན་ཁ་དང་དབྱིན་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་ལྟ་ཞིབ་ནན་པོ་བྱེད་རྒྱུ་ཡིན་པར་བརྗོད་འདུག ཕྱི་ལོ་༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་རྒྱ་ནག་གཞུང་གིས་(Royal Mint Court)ཟེར་བའི་ས་ཆ་དེ་དབྱིན་ཡུལ་གྱི་སྒོར་མོ་ས་ཡ་༢༠༠ སྤྲད་ནས་ཉོས་ཡོད་འདུག་ཅིང་། ཕྱིས་སུ་ས་ཆ་དེ་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་ཆེན་པོ་ཞིག་ལ་བསྒྱུར་རྒྱུའི་འཆར་གཞི་བཀོད་ཡོད་འདུག་ཀྱང་། ཕྱི་ལོ་༢༠༢༢ ཟླ་བ་༡༢ ནང་ས་གནས་གཞུང་གིས་ཆོག་མཆན་ཐེངས་གཉིས་བཀག་ཡོད་འདུག་ལ། དབྱིན་ཡུལ་ནང་རྒྱ་ནག་གཞུང་གིས་གཞུང་ཚབ་གསར་རྒྱག་བྱེད་རྒྱུའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག་ཅིང་། དེ་སྔོན་ཟླ་བ་འགའ་ཤས་ཀྱི་སྔོན་དུ་བོད་མི་གཙོས་པའི་ཡུ་གུར་བ་དང་། ཧོང་ཀོང་བ་སོགས་ཀྱིས་དེ་ལ་ངོ་རྒོལ་ཐེངས་མང་བྱས་ཡོད་འདུག ད་ལྟ་གཞུང་ཚབ་གསར་རྒྱག་བྱེད་རྒྱུའི་འཆར་གཞི་དེ་དབྱིན་ཡུལ་གཞུང་དང་རྒྱ་ནག་གཞུང་གཉིས་བར་མཐའ་མའི་ཐག་གཅོད་བྱེད་རྒྱུའི་གནས་སྟངས་སུ་བསླེབས་ཡོད་འདུག་པར་བརྟེན། ཨ་རིའི་གཞུང་དང་དབྱིན་ཡུལ་གྱི་མི་མང་ཁྲོད་ནས་དབྱིན་ཡུལ་གཞུང་ལ་གནོན་ཤུགས་གང་མང་སྤྲད་ནས་ལས་གཞི་དེ་བཀག་འགོག་བྱེད་ཐབས་བྱེད་བཞིན་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་ཞིག་ལོ་ཌོན་ནང་གསར་རྒྱག་བྱས་ཚེ། དབྱིན་ཡུལ་གྱི་བདེ་འཇགས་དང་། དབྱིན་ཡུལ་ནང་དུ་ཡོད་པའི་བོད་པ་གཙོས་པའི་ཧོང་ཀོང་བ་དང་། ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་མི་མང་དག་གི་རང་དབང་ལ་དོ་ཕོག་ཡོང་རྒྱུའི་ཉེན་ཁ་ཡོད་འདུག་ཅིང་། རྒྱ་ནག་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་གསང་བའི་ཐོག་ནས་ཉེན་རྟོག་ལས་ཁུངས་བཙུགས་ནས་མི་མང་གི་རང་དབང་ལ་དོ་ཕོག་གཏོང་བ་དང་། བོད་མི་དང་ཧོང་ཀོང་བ། ཡུ་གུར་བ་སོགས་ཀྱི་མི་མང་རྣམས་ལ་འཇིགས་སྐུལ་དང་། རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་པ། གསང་བ་རྐུ་བ་སོགས་མི་མང་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་མཐོང་གི་ཡོད་པའི་རྐྱེན་གྱིས་ལོ་སྔོན་མར་མི་མང་སྟོང་ཕྲག་ལྷག་གིས་ངོ་རྒོལ་བྱས་ཡོད་འདུག  

ཨ་རིའི་སྲིད་འཛིན་ཊོམ་གྱིས་དབྱིན་ཡུལ་གྱི་སྲིད་བློན་ལ་རྒྱ་ནག་གཞུང་ལ་གཞུང་ཚབ་གསར་རྒྱག་བྱེད་རྒྱུའི་ཆོག་མཆན་སྤྲད་ན་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག་ལ། ཉེ་ཆར་དབྱིན་ཡུལ་དང་ཨ་རི་གཉིས་བར་ཚོང་དོན་དང་འབྲེལ་བའི་གྲོས་མོལ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་ཨ་རིའི་ངོས་ནས་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་སྐོར་གླེང་སློང་བྱས་ཡོད་འདུག དབྱིན་ཡུལ་གྱི་འཕྲུལ་རིགས་ལྷན་ཁང་གི་དྲུང་ཆེ་(Peter Kyle)ཕི་ཊེར་གྱིས་(Sky News)སི་ཀའེ་གསར་ཁང་ལ། དབྱིན་ཡུལ་གཞུང་གི་ངོས་ནས་གཞུང་ཚབ་གསར་རྒྱག་དང་འབྲེལ་ནས་བདེ་འཇགས་ཐད་ཞིབ་བཤེར་ནན་ཏན་བྱེད་རྒྱུ་ཡིན་པར་བརྗོད།

དེ་སྔོན་ཨ་རི་དང་དབྱིན་ཡུལ། ཨོ་སོ་ཁྲུ་ལི་ཡ། ནིའུ་ཛི་ལན་ཌི། ཁེ་ན་ཌ་བཅས་བར་ལ་གྲོས་མཐུན་གྱི་མིང་ལ་མིག་ལྔ་ཟེར་བ་ཞིག་བཞག་ཡོད་འདུག་པས། གྲོས་མཐུན་དེའི་བརྒྱུད་ནས་གསང་བའི་རིགས་ཕན་ཚུན་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག་པར་བརྟེན། གལ་སྲིད་རྒྱ་ནག་གིས་གཞུང་ཚབ་ཁང་གསར་པ་ཞིག་དབྱིན་ཡུལ་གྱི་དཔལ་འབྱོར་དང་འབྲེལ་བའི་ས་ཆ་གནད་འགག་ཅིག་ལ་གསར་རྒྱག་བྱས་ཚེ། རྒྱལ་ཁབ་ལྔ་པོ་དེ་དག་བར་གསང་བ་ཕན་ཚུན་མཁོ་སྤྲོད་བྱེད་བཞིན་པ་དག་ཕྱི་ཕྱོགས་སུ་ཤོར་རྒྱུའི་ཉེན་ཁ་ཆེན་པོ་མཐོང་གི་ཡོད་འདུག ཨ་རིའི་དཔོན་རིགས་མཐོ་གྲས་མིང་བརྗོད་འདོད་མེད་པ་ཞིག་གིས་ལོ་ཌོན་ནང་རྒྱ་ནག་གིས་གཞུང་ཚབ་གསར་རྒྱག་བྱས་ཚེ། ང་ཚོའི་མཐུན་གྲོགས་དང་ལྷན་དུ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་ཉེན་ཁ་ཆེན་པོ་ཆགས་པ་རེད་ཅེས་བརྗོད་འདུག 

འབྱུང་འགྱུར་བདུན་ཕྲག་གཉིས་ནང་དབྱིན་ཡུལ་དང་ཨ་རི་གཉིས་བར་ཚོང་དོན་གྲོས་མོལ་བྱེད་འཆར་ཡོད་འདུག་པ་དང་། གལ་སྲིད་དབྱིན་ཡུལ་གཞུང་གིས་རྒྱ་ནག་ལ་གཞུང་ཚབ་གསར་རྒྱག་བྱེད་རྒྱུའི་ཆོག་མཆན་སྤྲད་ཚེ། མ་འོངས་པར་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུའི་ཐད་བསམ་བློ་གཉིས་པ་ཞིག་གཏོང་རྒྱུ་ཡིན་པ་ཨ་རི་ཡིས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།