རྒྱ་ནག་གིས་ཉི་ཧོང་གི་མཚོ་ཟས་བཀག་སྡོམ་གློད་རྩིས་ཡོད་པར་བརྗོད།

ཉི་ཧོང་གི་གློག་ཁང་ཞིག་ནས་རྡུལ་ཕྲན་གྱི་བཙོག་ཆུ་གློད་པའི་ཡ་ལན་ཆེད། རྒྱ་གཞུང་གིས་ཉི་ཧོང་གི་མཚོ་ཟས་ནང་འདྲེན་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་གཞུང་གིས་བཀག་སྡོམ་དེ་མེད་པ་བཟོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་འདུག

པར། ཨེ་པི་གསར་ཁང་།

ཟླ་འདིའི་ཚེས་༢༤ ཉིན་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉི་ཧོང་གི་ཕུ་ཀུ་ཤི་གློག་ཁང་ནས་རྡུལ་ཕྲན་དང་འབྲེལ་བའི་བཙོག་ཆུ་གློད་པའི་རྒྱུ་མཚན་གྱིས་རྒྱ་གཞུང་གིས་ཉི་ཧོང་གི་མཚོ་ཟས་རྒྱ་ནག་ཏུ་ནང་འདྲེན་བྱེད་རྒྱུ་ལ་བཀག་སྡོམ་བྱས་ནས་ལོ་གཅིག་ཕྱིན་ཡོད་ཀྱང་། ད་ཆར་གློག་ཁང་ནས་གློད་པའི་ཆུ་ལ་ཉེན་ཁ་མེད་པ་ར་འཕྲོད་བྱུང་ཡོད་པར་བརྟེན། རྒྱ་གཞུང་གིས་ལོ་རྗེས་མའི་ཟླ་བ་དྲུག་གི་ནང་ཉི་ཧོང་གི་མཚོ་ཟས་བཀག་སྡོམ་དེ་མེད་པ་བཟོ་སྲིད་པར་བརྗོད་འདུག

དེ་བཞིན་ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཉི་ཧོང་ནས་མཚོ་ཟས་ཕོན་ཆེན་ནང་འདྲེན་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་༢༠༢༢ གཅིག་པུའི་ནང་རྒྱ་ནག་གིས་ཉི་ཧོང་ནས་མཚོ་ཟས་ཨ་སྒོར་ས་ཡ་༥༠༠ ནང་འདྲེན་བྱས་ཡོད་པ་དང་། ཕྱོགས་གཉིས་གྱི་འབྲེལ་ལམ་ཁྲོད་དཀའ་ངལ་དང་སེམས་འཚབ་ཀྱི་གནད་དོན་ཁག་གི་ཐོག་གྲོས་མོལ་ཡོང་ཆེད། ཟླ་འདིའི་ཚེས་༢༥ ཉིན་ལོ་འདིའི་འགོ་སྟོད་དུ་བསྐོ་གཞག་བྱས་པའི་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་ནས་རྒྱ་ནག་གི་ཕྱི་སྲིད་བློན་དང་ཐུག་འཕྲད་གནང་རྒྱུ་རེད་འདུག

ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དང་། དེའི་སྔོན་དུ་རྒྱ་ནག་ལ་བཙན་འཛུལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་བར་ས་ཆའི་རྩོད་རྙོག་ཡོད་པ་སོགས་ཆབ་སྲིད་ཀྱི་རྙོག་གླེང་གིས་དཔལ་འབྱོར་ལ་གྱོང་གུད་གཏོང་བཞིན་ཡོད་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པར་བརྗོད་འདུག

གཞན་ཡང་(Firstpost) གསར་ཁང་གིས། ལོ་འདིའི་ནང་རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་རྒུད་དུ་སོང་བ། ས་གནས་སྲིད་གཞུང་གིས་བུ་ལོན་འཇལ་མ་ཐུབ་པ། དངོས་ཟོག་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་པ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པར་བརྟེན། ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་བར་གནད་དོན་དྲུག་གི་ཐོག་ལ་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱུང་བ་དང་། རྒྱ་གར་དང་འབྲེལ་ལམ་ཡག་ཏུ་གཏོང་བཞིན་པ་ལྟར། ད་རེས་རྒྱ་ནག་གིས་ཉི་ཧོང་གི་མཚོ་ཟས་ནང་འདྲེན་བཀག་སྡོམ་མེད་པ་བཟོ་རྒྱུའི་གནས་ཚུལ་ཐོན་པ་དེས། རྒྱ་ནག་གིས་ཉི་ཧོང་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་པ་མངོན་འདུག་ཅེས་དང་།

ཕྱི་ལོ་༢༠༢༠ ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་བའི་དཀའ་ངལ་དེ་སེལ་ཡོད་ཀྱང་། ཕྱི་ཟླ་༢ པའི་ནང་རྒྱ་གར་གྱིས་རྒྱ་ནག་གི་ཚོང་ལས་ཁང་༡༧ གྱིས་རྒྱ་གར་གྱི་ཚོས་ལས་ཁང་དག་དང་ཉོ་ཚོང་གི་གན་རྒྱ་འཇོག་མི་ཆོག་པ་བཟོས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་འོག་ཏུ་རྒྱ་ནག་ལ་སྒོ་ཁྲལ་བཀལ་ནས་རྒྱ་ནག་གི་བཟོ་ལས་དང་དངོས་ཟོག་ཕྱིར་འདྲེན་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ངེས་མེད་ཀྱི་གནས་སྟངས་ཤིག་ལྷག་ཡོད་པར་བརྗོད་འདུག

དེ་བཞིན་ཨུ་རུ་སུའི་དམག་འཁྲུག་གི་ཆེད་དུ་རྒྱ་ནག་གིས་དངུལ་གཏོང་རོགས་བྱས་ཡོད་པ་དེས་རྒྱ་ནག་གི་དངུལ་ཁུག་གམ་དཔལ་འབྱོར་ལ་གནོད་སྐྱོན་བཏང་ཡོད་པ་དང་། རྒྱ་གཞུང་གིས་ཨུ་རུ་སུའི་དམག་འཁྲུག་ཆེད་དངུལ་མཁོ་སྤྲོད་བྱས་པ་ངོས་ལེན་བྱས་མེད་ན་ཡང་། ཨ་རིས་བརྗོད་གསལ་ལྟར་ན། རྒྱ་གཞུང་གིས་ཨུ་རུ་སུ་ལ་གོ་མཚོན་མཁོ་སྤྲོད་བྱས་པ་དང་འཕྲུལ་ཆས་བཟོ་སྐྲུན་ལ་རོགས་རམ་བྱེད་བཞིན་ཡོད་པ། དེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་བྷི་ལིན་ཀེན་གྱིས། ཨུ་རུ་སུས་ནང་འདྲེན་བྱས་པའི་འཕྲུལ་ཆས་བཟོ་བྱེད་ཀྱི་ཡོ་བྱད་(Machine Tools)བརྒྱ་ཆ་༧༠% དང་། ཕྲ་གློག་འཕྲུལ་ཆས་(Microelectronics)བརྒྱ་ཆ་༩༠% རྒྱ་ནག་ནས་ཡོང་གི་ཡོད་པ་རེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།