རྒྱ་ནག་གིས་ཐའེ་ཝན་ནང་བཙན་འཛུལ་དངོས་སུ་ག་དུས་འགོ་འཛུགས་སྲིད་དམ།
ད་ཆར་རྒྱ་ནག་གི་དཔལ་འབྱོར་གནས་བབ་དེ་ཙམ་ཡག་པོ་མེད་པ་དང་། ན་གཞོན་ས་ཡ་མང་པོ་ལས་མེད་ཡིན་པའི་དུས་སྐབས་སུ། རྒྱ་ནག་གིས་དཔལ་འབྱོར་བསྐྱར་གསོ་བྱ་རྒྱུ་ལས་ཐའེ་ཝན་ནང་གནས་སྐབས་རིང་བཙན་འཛུལ་བྱེད་མི་སྲིད་པ་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཕྱི་ཚེས་༢༤ ཉིན་ཐའེ་ཝན་དུས་བབ་གསར་ཁང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་རྩོམ་ཡིག་གཅིག་བཀོད་འདུག་པ་དང་། རྩོམ་ཡིག་དེ་(Foreign Affairs)ཕྱི་འབྲེལ་གནད་དོན་ཟེར་བའི་དུས་དེབ་ཐོག་བཀོད་ཅིང་(Yan Xuetong)ཡན་ཞུའེ་ཐུང་ཟེར་བ་རྒྱ་ནག་པེ་ཅིན་དུ་ཡོད་པའི་(Tsinghua University)མཐོ་སློབ་ཀྱི་ཉམས་པ་ཞིག་གིས་བྲིས་ཡོད་འདུག དེའི་ནང་དུ་ཨ་རྒྱ་ནག་གཉིས་བར་དམག་འཁྲུག་དངོས་སུ་ག་དུས་ཡོང་སྲིད་པ་དང་། རྒྱ་ནག་གིས་ཐའེ་ཝན་ནང་བཙན་འཛུལ་དངོས་སུ་ག་དུས་བྱེད་སྲིད་མིན་ཐད་བྲིས་ཡོད་འདུག་པ་དང་། དེ་བཞིན་ རྩོམ་ཡིག་དེའི་ནང་མ་འོངས་པའི་ལོ་བཞིའི་རིང་རྒྱ་ནག་གིས་ཐའེ་ཝན་ནང་བཙན་འཛུལ་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག་ཅིང་། དེ་ཡང་ད་ཆར་རྒྱ་ནག་གི་དཔལ་འབྱོར་གནས་བབ་དེ་ཙམ་ཡག་པོ་མེད་པ་དང་། དཔལ་འབྱོར་བསྐྱར་གསོ་བྱེད་རྒྱུའི་དུས་ཚོད་ཏོག་ཙམ་འགོར་སྲིད་པས། ལོ་བཞིའི་རིང་བཙན་འཛུལ་བྱེད་མི་སྲིད་པར་བརྗོད་ཡོད་འདུག རྩོམ་ཡིག་དེའི་འགོ་བརྗོད་དུ་(རྒྱ་ནག་ཊོམ་ལ་ག་རེ་བྱས་ནས་ཞེད་ཀྱི་མ་རེད། ཨ་རྒྱ་གཉིས་བར་རྩོད་རྙོག་ཆེན་པོ་ཞིག་འབྱུང་སྲིད་པ་རེད། ཡིན་ན་ཡང་ཊོམ་གྱིས་ཨ་རི་ཁེར་རྐྱང་དུ་འགྱུར་བའི་སྲིད་བྱུས་ཀྱིས་རྒྱ་ནག་ལ་རོགས་རམ་བྱེད་ཀྱི་རེད་)ཅེས་བྲིས་ཡོད་འདུག ཉམས་ཞིབ་པ་དེ་ཡིས་བརྗོད་དོན་ལ། ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་གསར་པ་ཊོམ་ཡོང་དུས་ཨ་རྒྱ་གཉིས་བར་རྩོད་རྙོག་རྣོ་ངར་ཅན་ཞིག་ཡོང་སྲིད་ཀྱང་། རྒྱ་ནག་གིས་ད་ལྟའི་དཔལ་འབྱོར་གྱི་དཀའ་ངལ་དེ་སེལ་ཐབས་ཆེད་དུ་རྩོད་རྙོག་ག་ཚོད་ཆེ་ཡང་དམག་འཁྲུག་དངོས་སུ་འབྱུང་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག
ཊོམ་ཨ་རིའི་སྲིད་འཛིན་སླེབས་རྗེས་སུ་ཨ་རིའི་ནང་རྒྱ་ནག་གི་དངོས་ཟོག་ནང་འདྲེན་ཉུང་དུ་གཏོང་སྲིད་པ་དང་། དེ་བཞིན་རྒྱ་ནག་ནང་མ་རྩ་བཙུགས་པ་རྣམས་ཉུང་དུ་གཏོང་སྲིད་པར་བརྗོད་ཡོད་འདུག གལ་སྲིད་དེ་འདྲ་བྱུང་ན་རྒྱ་ནག་གིས་དེ་ལ་རྒོལ་ལན་སློག་རྒྱུ་ཡིན་པའི་ངེས་པ་དང་། དུས་དེ་ནས་བཟུང་ཨ་རྒྱ་གཉིས་བར་གྱི་ཚོང་དོན་རྩོད་རྙོག་དེ་སྔར་ལས་རྣོ་ངར་ཇེ་ཆེར་ཕྱིན་ནས། རྒྱལ་ཁབ་གཉིས་བར་རྩོད་རྙོག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ལ་སླེབ་སྲིད་པར་བརྗོད་ཡོད་འདུག་ཅིང་། དུས་སྐབས་དེ་འདྲ་ཞིག་གི་སྐབས་སུ་ཨ་རིའི་ངོས་ནས་རྒྱ་ནག་ལ་དམག་དོན་གྱི་ཐོག་ནས་གནོན་ཤུགས་སྤྲོད་སྲིད་ཅེས་དང་། དམིགས་བསལ་ཊོམ་ཨ་རིའི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་(Marco Rubio)་དང་བདེ་སྲུང་དྲུང་ཆེ་(Pete Hegseth)གཉིས་ཀ་ཡིས་རྒྱ་ནག་ཐོག་སྔར་ལས་སྲིད་བྱུས་མཁྲེགས་པོ་ཤིག་འཛིན་སྲིད་པར་བརྗོད་ཡོད་འདུག གལ་སྲིད་ཁོང་གཉིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་སྲིད་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ་བསྐོས་ན། ཁོང་གཉིས་ཀྱིས་སྲིད་འཛིན་ཊོམ་ལ་གནོན་ཤུགས་སྤྲད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཨ་རི་ཡིས་ཐེ་གཏོགས་བྱེད་རྒྱུ་མང་དུ་འགྲོ་སྲིད་པ་དང་། ཐའེ་ཝན་གྱི་གནད་དོན་ཐད་རྩོད་རྙོག་སྔར་ལས་ཆེ་བ་བྱུང་ནས་རྒྱ་ནག་དང་ཨ་རིའི་བར། ཕྱི་ལོ་༢༠༢༢ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Nancy Pelosi)ཐའེ་ཝན་ལ་ལྟ་སྐོར་ཡོང་བའི་སྐབས་ལྟར་ཨ་རྒྱ་གཉིས་བར་རྩོད་རྙོག་ཆེན་པོ་ཡོང་རྒྱུ་ཡིན་པར་བརྗོད་ཡོད་འདུག གྲོས་ཚོགས་འོག་མའི་ཚོགས་གཙོ་ཐའེ་ཝན་ལ་ཡོང་དུས་རྒྱ་ནག་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་རྒྱ་ཆེར་བྱས་ནས་ཐའེ་ཝན་ལ་འཇིགས་སྐུལ་ཆེན་པོ་བྱས་ཡོད་པ་བཞིན་མ་འོངས་པར་དེ་ལས་ཚབས་ཆེ་བ་ཡོང་རྒྱུ་ཡིན་པར་བརྗོད་ཡོད་འདུག
ཡང་ཕྱོགས་གཞན་ཞིག་ནི་སྲིད་འཛིན་གསར་པ་ཊོམ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་དེ་ཙམ་དགའ་མོས་མེད་པས་ཨ་རྒྱ་གཉིས་བར་སྐབས་རེར་རྩོད་རྙོག་བྱུང་ཡང་དེ་མཐའ་གཅིག་ཏུ་གདོང་ཐུག་མི་འབྱུང་བའི་རེ་བ་ཡོད་པར་བརྗོད། དམིགས་བསལ་ཊོམ་ལྟ་བུར་མཚོན་ན་འགྲོ་བ་མིའི་ཐོབ་ཐང་སྐོར་དེ་ཙམ་དོ་སྣང་མེད་པ་དང་དགའ་མོས་ཀྱང་དེ་ཙམ་མེད་པས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་མ་རེད་ཅེས་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཊོམ་གྱི་གཤིས་ཀ་དེ་ལ་རྒྱ་ནག་གི་དགའ་མོས་བྱེད་ཀྱི་ཡིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་ནང་སྲིད་ལ་ཡང་དེ་ཙམ་ཐེ་གཏོགས་མི་བྱེད་པའི་དུས་སྐབས་སུ་རྒྱ་ནག་རང་གི་ནང་སྲིད་དང་བདེ་འཇགས་ཐད་དོ་སྣང་མང་བ་བྱས་ནས་དམར་ཤོག་ལྟ་གྲུབ་ཁྱབ་བརྡལ་གཏོང་ཐབས་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག་པ་དང་། དུས་སྐབས་དེ་འདྲ་ཞིག་ལ་ཨ་རྒྱ་གཉིས་བར་དཔལ་འབྱོར་ཐད་རྩོད་རྙོག་ཡོང་རྒྱུ་ཡིན་པ་ལས་ལྟ་གྲུབ་ཐད་རྩོད་རྙོག་ཡོང་གི་མ་རེད་ཅེས་བརྗོད་འདུག
འོན་ཀྱང་། ཐའེ་ཝན་གྱི་རང་བཙན་གནད་དོན་ནི་ཨ་རྒྱ་གཉིས་བར་གྱི་རྩོད་རྙོག་ཡོང་ཁུངས་གཙོ་བོ་འགྱུར་རྒྱུ་ཡིན་ཡང་། ཊོམ་སྲིད་འཛིན་ཡིན་པའི་དུས་སུ་ཨ་རྒྱ་གཉིས་བར་དམག་འཁྲུག་ཡོང་རྒྱུ་ཁག་པོ་ཡིན་པ་དང་། སྲིད་འཛིན་ཊོམ་གྱིས་ཁོང་སྲིད་འཛིན་ཡིན་པའི་དུས་སུ་ཨ་རིའི་རྒྱལ་ནང་གི་གནད་དོན་མང་པོ་ཞིག་ལ་དོ་སྣང་བྱེད་དགོས་འབྱུང་རྒྱུ་ཡིན་པ་དང་། དཔེར་ན། ཨ་རིའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སོགས་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་དགོས་འབྱུང་སྲིད་པར་བརྗོད་འདུག ཨ་རྒྱ་གཉིས་བར་མ་འོངས་པར་རྩོད་རྙོག་ཡོང་ས་གཙོ་བོ་ཞིག་ནི་འཕྲུལ་རིགས་དང་། མིས་བཟོས་རིག་ནུས། དེ་བཞིན་རྒྱལ་སྤྱིའི་ཁྲོམ་ར་སུས་དབང་བསྒྱུར་ཐུབ་མིན་ཐད་རྩོད་རྙོག་ཆེན་པོ་ཡོང་རྒྱུ་ཡིན་པ་དང་། རྒྱུ་མཚན་ནི་དེ་དག་ལ་བརྟེན་ནས་ཨ་རྒྱ་གཉིས་བར་མ་འོངས་པར་ཊོམ་སྲིད་འཛིན་ཡིན་པའི་དུས་སྐབས་སུ་དམག་འཁྲུག་འབྱུང་མི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།