རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་ཡིས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུ།

ཟླ་འདིའི་ཚེས་༡༩ ཉིན་ཨ་རིའི་རྒྱལ་ཡོངས་མི་དམངས་རླུང་འཕྲིན་ཁང་(npr) ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ། ཨ་རི་ཡི་དམག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་རབས་བརྗོད་ཡོད་པ་དང་དེ་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༨ ཉིན་ཨ་རིའི་སི་བྷི་ཨེ་སི་གསར་ཁང་གིས་ཨ་རི་སྲིད་འཛིན་བྷ་ཌན་ལ་སྐར་མ་དྲུག་ཅུ་ཅན་གྱི་བཅའ་འདྲི་ཞིག་བྱས་ཡོད་པ་དང་། སྐབས་དེར་གསར་འགོད་པས་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་ཡིས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ནམ་ཞེས་དྲིས་པའི་ལན་དུ། ཨ་རི་སྲིད་འཛིན་བྷ་ཌན་གྱིས་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་ཞེས་ལན་བརྒྱབ་ཡོད་པ་དང་། གསར་འགོད་པས་སླར་ཡང་། ཡུག་རེན་ལ་རྒྱབ་སྐྱོར་བྱེད་བཞིན་པ་ལྟར་མིན་པ། རྒྱ་ནག་གིས་བཙན་འཛུལ་བྱས་ན་ཨ་རིའི་དམག་དཔུང་དམག་འཁྲུག་གི་ནང་དུ་མཉམ་ཞུགས་བྱེད་རྒྱུ་ཡིན་ནམ་ཞེས་དྲིས་པའི་ལན་དུ། ཨ་རི་སྲིད་འཛིན་གྱིས་ཡིན་ཞེས་ལན་བརྒྱབ་ཡོད་འདུག  ཕྱི་ལོ་༢༠༢༡ ལོའི་ལོ་དཀྱིལ་ནས་བཟུང་ད་ལྟའི་བར་དུ་ཨ་རི་སྲིད་འཛིན་གྱིས་ཐེ་ཝན་གྱི་གནད་དོན་ཐོག་བཀའ་མོལ་དེ་འདྲ་གསུངས་པ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

བཅའ་འདྲི་ཚར་བའི་རྗེས་སུ་ཨ་རི་ཕོ་བྲང་དཀར་པོས་ཨ་རི་སྲིད་འཛིན་གྱི་བཀའ་མོལ་དེ་ཡིས་ཨ་རིའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པ་མཚོན་གྱི་མེད་རབས་དང་ཨ་རི་ཡིས་ཐེ་ཝན་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་མེད་ཅེས་བརྗོད་ཡོད་འདུག

ད་ལྟའི་ཆར་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ། ཨ་རི་ཡི་དམག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་མིན་གྱི་སྲིད་བྱུས་གསལ་བོ་མེད་ན་ཡང་། ཕྱི་ལོ་༡༩༧༩ ལོར་ཐེ་ཝན་གྱི་རང་སྲུང་ཆེད་དུ་ཨ་རི་ཡིས་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་རེད་འདུག་ལ། ཁས་ལེན་དེ་དང་འབྲེལ་བའི་ཐོག་ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝན་ལ་ཨ་སྒོར་ཐེ་འབུམ་$༡.༡ གྱི་གོ་མཚོན་བཙོང་རྒྱུ་ཡིན་པའི་གསལ་བསྒྲུགས་སྤེལ་ཡོད།

སྲིད་འཛིན་བྷ་ཌན་གྱིས་ཨ་རི་ཡིས་ཐེ་ཝན་ལ་རང་བཙན་བྱེད་དགོས་པའི་ཐོག་ལ་སྐུལ་མ་བྱེད་ཀྱི་མེད་པ་དང་། ཐེ་ཝན་རང་བཙན་བྱེད་མིན་ནི་ཐེ་ཝན་བ་ཚོས་ཐག་གཅོད་བྱེད་རྒྱུ་ཡིན་རབས་བརྗོད་འདུག

ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེར་སྐྱོན་བརྗོད་དང་རྒྱ་ནག་གིས་ཞི་བའི་སྒོ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འབད་བརྩོན་བྱེད་འདོད་ཡོད། ཡིན་ནའང་ཁ་བྲལ་གྱི་ལས་འགུལ་ཁག་ལ་རྒྱ་ནག་གིས་ནམ་ཡང་བཟོད་སྒོམ་བྱ་ཐབས་མེད་པ་དང། ཨ་རི་ཡིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་གཟབ་ནན་དང་ཚུལ་མཐུན་ཞིག་ཡིན་དགོས། སྲིད་འཛིན་བྷ་ཌན་གྱིས་ཨ་རྒྱའི་འབྲེལ་བ་སྡུག་ཏུ་མི་གཏོང་བ་དང་ཐེ་ཝན་མཚོ་འགག་ལ་འཁྲུག་རྩོད་མི་སློང་བའི་རེ་བ་ཡོད། འཛམ་གླིང་སྒང་ལ་རྒྱ་ནག་གཅིག་ལས་མེད། ཐེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན། ཨ་རིས་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཚོར་གོ་བརྡ་ལོག་པ་མ་བཏང་ན་ལེགས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་འདུག

ཨ་རི་སྲིད་འཛིན་ཟུར་པ་ཊོམ་གྱི་སྐབས་སུ་ཨ་རི་ཡིས་ཐེ་ཝན་ལ་ཨ་སྒོར་ཐེ་འབུམ་$༡༨ ཀྱི་གོ་མཚོན་བཙོང་ཡོད་པ་དང་། སྲིད་འཛིན་ཟུར་པ་ཊོམ་གྱིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་དང་ལྷན་དུ་ཁ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་པ་མ་ཟད། ཨ་རི་ཡི་མཐོ་རིམ་མི་སྣ་ཐེ་ཝན་དུ་མཚམས་གཟིགས་སུ་མངགས་པ་བཅས་ཕྱི་ལོ་༡༩༧༩ ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་ཤོས་སུ་འགྱུར་ཡོད་འདུག སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་དམ་འབུམ་གྱི་མཛད་སྒོའི་སྐབས་སུ་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས་ཡོད་པས། ཨ་རི་སྲིད་འཛིན་བྷ་ཌན་ནི་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུ་མཁན་ཐོག་མ་དེ་ཆགས་ཡོད་འདུག་ལ། སྲིད་འཛིན་བྷ་ཌན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།