རྒྱ་ནག་གིས་དམག་འཁྲུག་གྲ་སྒྲིག་བྱེད་བཞིན་པ་ལྟར་ཨ་རིས་ཀྱང་རྒྱལ་སྲུང་གི་ནུས་པ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པར་བརྗོད།

ཨ་རིའི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཚོར། རྒྱ་ནག་ནས་ཡོང་བཞིན་པའི་དམག་དོན་དང་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཁེར་རྐྱང་དུ་གདོང་ལེན་བྱེད་དུ་འཇུག་རྒྱུ་མིན་ཞེས་དང་། རྒྱལ་ཁབ་དེ་དག་གིས་ཀྱང་རྒྱལ་སྲུང་ཆེད་ཞབས་འདེགས་མང་བ་ཞུ་དགོས་པའི་ནན་སྐུལ་ཞུས་ཡོད་འདུག

པར། ཨེ་པི།

ཟླ་འདིའི་ཚེས་༡ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། སེང་གྷ་པོར་དུ་བདེ་འཇགས་ལྷན་ཚོགས་༼Security Conference༽ འཚོག་བཞིན་པའི་སྐབས་སུ། ཨ་རིའི་རྒྱལ་སྲུང་བློན་ཆེན་པི་ཊི་ཧེག་སེ་ཐ༼Pete Hegseth༽ ཡིས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཚོར་རྒྱ་ནག་ནས་ཡོང་བཞིན་པའི་དམག་དོན་དང་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེར། མངའ་ཁུལ་གྱི་རྒྱལ་ཁབ་རྣམས་ཁེར་རྐྱང་དུ་གདོང་ལེན་བྱེད་དུ་འཇུག་རྒྱུ་མིན་ཞེས་དང་། རྒྱལ་ཁབ་དེ་དག་གིས་ཀྱང་རང་ཉིད་ཀྱི་རྒྱལ་སྲུང་ཆེད་ཞབས་འདེགས་མང་བ་ཞུ་དགོས་ཞེས་ནན་སྐུལ་ཞུས་ཡོད་འདུག

ཁོང་གིས་རྒྱ་ནག་གི་དམག་མི་ཚོས་དམག་འཁྲུག་དངོས་སུ་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག་ཅེས་དང་། རྒྱ་ནག་གིས་བཟོ་བཞིན་པའི་འཇིགས་སྐུལ་དེ་དངོས་ཡོད་ཡིན་པ་དང། ཨ་རིས་ཕྱི་རྒྱལ་དུ་རང་གི་རྒྱལ་སྲུང་ནུས་ཤུགས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གིས། རྒྱ་གཞུང་གི་འཇིགས་སྐུལ་ཇེ་ཆེར་འགྲོ་བཞིན་པར་ཨ་རིས་ངོས་འཛིན་བྱས་པ་དེར་གདོང་ལེན་བྱ་ཆེད་ཡིན་པ་དང་། ལྷག་པར་དུ་ཐའེ་ཝན་ལ་བཟུང་བའི་དྲག་པོའི་རྣམ་འགྱུར་དེ་ཡིན་པར་བརྗོད་འདུག

རྒྱ་ནག་གིས་ཐའེ་ཝན་ནི་རང་གི་མངའ་ཁོངས་ཡིན་པ་དང་ངེས་པར་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་རབས་བརྗོད་ནས་འདས་པའི་ལོ་ངོ་ཁ་ཤས་ནས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཐེངས་མང་བྱས་ཡོད་པ་དང་། ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་གྱི་ཕྱི་འབྲེལ་མེད་ཀྱང་། ཨ་རིས་ཐའེ་ཝན་སྲུང་སྐྱོབ་ལ་ཁས་ལེན་བྱས་ཡོད།

རྒྱ་ནག་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཀྱིས་ཨ་རིའི་རྒྱལ་སྲུང་བློན་ཆེན་གྱིས་གཞི་མེད་ཀྱི་སྐྱོན་འཛུགས་བྱས་སོང་ཞེས་སྐྱོན་བརྗོད་བྱས་འདུག རྒྱ་གཞུང་གིས་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་དུ་དམག་དོན་རྟེན་གཞི་གསར་པ་དག་ལ་རྒྱབ་སྐྱོར་བྱེད་ཆེད་འཕྲུལ་རྩལ་མཐོ་བའི་མིས་བཟོས་གླིང་ཕྲན་བསྐྲུན་ཡོད་པ་དང་། ཧ་ཅང་སྔོན་ཐོན་གྱི་གོ་མཚོན་མང་དག་ཅིག་ཡར་རྒྱས་བཏང་བར་བརྟེན། ཨ་རིས་ཀྱང་༼Golden Dome༽ གསེར་གྱི་སྒྲོམ་ཞེས་མེ་ཤུགས་འཕུར་མདའ་འགོག་སྲུང་མ་ལག་གཅིག་གསར་བཟོ་བྱེད་བཞིན་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།