རྒྱ་ནག་གིས་“ནག་འཇོམས་ངན་སེལ་”ཞེས་པའི་མིང་ཐོག་ནས་མི་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་འདུག 

རྒྱ་ནག་གིས་བོད་ཀྱི་ས་ཆ་བཅད་བགོས་བྱས་པའི་ནང་ནས་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་པས་འདས་པའི་ལོ་གསུམ་རིང་བོད་ལ་ཕན་ནུས་ལྡན་པའི་མི་སྣ་རྣམས་འབུར་འཇོམས་བཟོ་བྱེད་ཀྱི་ཆབ་སྲིད་ལག་ཆ་“ནག་འཇོམས་ངལ་སེལ་”ཞེས་པའི་མིང་བྱང་འོག་ནས་མི་སྟོང་ཕྲག་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་འདུག

ཕྱི་ཟླ་༤ ཚེས་༤ ཉིན་རྒྱ་ནག་གི་གཞུང་འབྲེལ་དྲ་བ་སྟེ། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་<<བོད་ལྗོངས་ཀྱིས་ནག་འཇོམས་ངན་སེལ་གྲུབ་འབྲས་ཁྱབ་བསྒྲགས་བྱས་འདུག་>>ཅེས་པའི་གནས་ཚུལ་ཞིག་སྤེལ་བའི་ནང་། འདས་པའི་ལོ་ངོ་གསུམ་གྱི་རིང་ལ་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་“ནག་ཚོགས་ཀྱི་ངོ་བོར་གྲུབ་པའི་རྩ་འཛུགས་ཀྱི་ཉེས་གསོག་དོགས་ཡོད་གྱོད་གཞི་༣ དང་། སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་དང་ཚོགས་པའི་གྱོད་གཞི་༣༣ ངན་པ་དང་འབྲེལ་ཡོད་ཀྱི་རིགས་དགུའི་གྱོད་གཞི་བྱེ་བྲག་པ་༢༩༩ བཅས་མྱུལ་ཞིབ་རྩད་གཅོད་བྱས་པ་དང་མི་༡༦༣༡ འཛིན་བཟུང་བྱས་པ། ཁྲིམས་འགལ་རྩ་འཛུགས་༧༥ ལ་རྡུང་རྡེག་དང་རྨེག་མེད་བཏང་སྟེ། ཁྲིམས་འགལ་བྱེད་སྒོའི་གྱོད་གཞི་༡༣༥ རྩད་ཆོད་པ་དང་དེ་འབྲེལ་གྱི་མི་༡༥༣༥ འཛིན་བཟུང་བྱས་པ། དྲ་ཐོག་བྲོས་བྱོལ་མི་སྣ་༡༡༧༧ འཛིན་བཟུང་བྱས་”ཡོད་འདུག 

“ནག་འཇོམས་ངལ་སེལ་”ཞེས་པ་འདི་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ ཀྱི་འགོ་སྟོད་དུ་ཕྱིར་བསྒྲགས་བྱས་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་ཞིང་། ལོ་དེར་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན་སོགས་འདུས་པའི་བོད་ཀྱི་ས་ཁུལ་ཏུ་ལག་བསྟར་བྱེད་འགོ་བརྩམས།

རྒྱ་ནག་གིས་འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་ལྷིང་འཇགས། ལྐོག་ཟ་རུལ་སུངས་སེལ་བའི་ཆེད་དུ་སྤེལ་བའི་ཡིན་ཚུལ་སྒྲོག་བཞིན་ཡོད་རུང་། དོན་དངོས་ཐོག་དེ་ནི་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མི་མཐུན་པ་རྣམས་གཙང་མ་བཟོ་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། དཔལ་འབྱོར། ཁོར་ཡུག་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ནུས་ལྡན་པའི་མི་སྣ་རྣམས་འཛིན་བཟུང་བཙོན་འཇུག་གིས་འབུར་འཇོམས་བཟོ་བྱེད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།