རྒྱ་ནག་གིས་“བཙན་བྱོལ་བོད་མིའི་འོས་བསྡུས་རྒྱ་ནག་གི་བོད་དོན་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་རེད་”ཅེས་བཤད་འདུག 

བཙན་བྱོལ་བོད་མི་ཚོས་འོས་བསྡུ་གྲུབ་མ་ཐག་པའི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་མཇུག་འབྲས་ལ་སྒུག་བཞིན་པའི་སྐབས་འདིར། རྒྱ་ནག་གིས་འོས་བསྡུ་དེའི་མཇུག་འབྲས་ཅི་འདྲ་ཞིག་བྱུང་རུང་། “དེས་རྒྱ་ནག་དབུས་གཞུང་གིས་བོད་དང་དེ་འབྲེལ་གྱི་གནད་དོན་ལ་བཟུང་བའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་རེད་”ཅེས་བཤད་འདུག 

༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ཕྱི་ཉིན་ཏེ། ཕྱི་ཟླ་༡ ཚེས་༤ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ཀྱིས་<<ངེས་གཏན་མེད་པ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག ‘བཙན་བྱོལ་བོད་གཞུང་གིས་’འགོ་ཁྲིད་འོས་འདེམས་བྱས་པ་དེས་རྒྱ་ནག་གི་བོད་དོན་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་རེད།>>ཅེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་མང་གཙོའི་འོས་བསྡུ་ཆེན་མོར་མཐོང་ཆུང་དམའ་འབེབས་བྱས་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་ལ་སྙོན་འཛུགས་ཀྱང་བྱས་འདུག 

རྩོམ་དེའི་ནང་དུ་དྲངས་པའི་རྒྱ་ནག་གི་གནད་ཡོད་མི་སྣ་ཞིག་གིས་“སྲིད་སྐྱོང་ནི་བཙན་བྱོལ་གྱི་ཚོགས་པ་ཞིག་གི་སྤྱི་གཉེར་དང་གཅིག་མཚུངས་རེད། དེས་ནུབ་ཕྱོགས་ཀྱི་སྲིད་གཞུང་རྣམས་ལ་འབྲེལ་བ་བཙུགས་ནས་སྒོར་མོ་སློང་བ་དང་། འཛིན་སྐྱོང་གི་ལས་ཀ་ཕྲན་ཙམ་བྱེད་རྒྱུ་རེད་”ཅེས་བཤད་དེ། བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་གོ་གནས་དེར་མཐོང་ཆུང་དང་ཁྱད་གསོད་བྱས་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་༢༠༡༡ ལོར་ཆབ་སྲིད་ལས་ཡོངས་སུ་དགོངས་པ་ཞུས་པའི་གནས་ཚུལ་དེ་རྩིས་མེད་ཀྱིས་“ཁོང་ད་དུང་ཡང་བཙན་བྱོལ་བོད་མི་ཚོའི་བླ་ན་མེད་པའི་འགོ་ཁྲིད་རེད་”ཅེས་བརྗོད་འདུག 

གཞན་ཡང་། ༧རྒྱལ་བ་རིན་པ་ཆེ་དང་བཙན་བྱོལ་བོད་མི་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་རྩོམ་ཡིག་དེས་དྲངས་པའི་མི་སྣ་གཞན་ཞིག་གིས། “བོད་མི་འདི་དག་ཕ་ཡུལ་དང་། ཆོས་བརྒྱུད། དེ་བཞིན་’བཙན་བྱོལ་བོད་གཞུང་’ལ་བཟུང་བའི་ལྟ་ཚུལ་མི་འདྲ་བའི་ཐོག་ནས་ཤོག་ཁག་ཏུ་བྱེ་ནས་ཡོད་”ཅེས་བརྗོད་པའི་ཐོག ༧གོང་ས་མཆོག་མེད་པར་གྱུར་རྗེས་བཙན་བྱོལ་སྤྱི་ཚོགས་ཟང་ཟིང་དུ་གྱུར་ནས་བོད་མིའི་སྒྲིག་འཛུགས་ནང་རྙོག་ཟིང་ཆེན་པོ་ལང་ངེས་པ་དང་། “མི་རབས་གཞོན་པ་ཚོའི་སྤུས་ཚད་སྡུག་ཏུ་འགྲོ་བཞིན་ཡོད་པས། རྙོག་ཟིང་ཆེན་པོོ་དེ་སེལ་ཐུབ་རྒྱུ་ཁག་པོ་ཆགས་ངེས་”ཞེས་བཙན་བྱོལ་བོད་མིའི་མི་རབས་གཞོན་པའི་འཇོན་ནུས་ལ་མཐོང་ཐུང་གི་སྔོན་དཔག་ཀྱང་བྱས་འདུག 

༢༠༢༡ ལོའི་འོས་བསྡུ་ཆེན་མོའི་ནང་དེབ་སྐྱེལ་བྱེད་མཁན་གྱི་བོད་མི་ཁྱོན་ཁྲི་བརྒྱད་ལྷག་བྱུང་ཡོད་པ་དང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ལ་མ་བལྟོས་པར་ཕྱི་ཟླ་༡ ཚེས་༣ ཉིན་སྔོན་འགྲོའི་འོས་བསྡུ་ཡོངས་སུ་གྲུབ་ཡོད། 

འོས་བསྡུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། “དེ་རིང་ང་ཚོ་འདིར་༢༠༢༡ ཀྱི་སྲིད་སྤྱི་གཉིས་ཀྱི་འོས་འཕེན་ཡོང་གི་ཡོད་རེད། ད་ལན་འདི་༧གོང་ས་མཆོག་ནས་གསོལ་རས་གནང་བའི་མང་གཙོ་དང་། དེ་བཞིན་མི་ཐོག་རྒན་པས་སྐུ་ལས་བསྐྱོན་ནས་ངོམ་དུ་ཆོག་པ། གྲུབ་འབྲས་སྨིན་པའི་མང་གཙོ་ཞིག་རེད། རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡོད་ན་ཡང་། དེ་དང་མཉམ་དུ་དཔུང་པ་འདྲ་མཉམ་བྱས་ནས་འགྲན་སྡུར་བྱེད་ཐུབ་པའི་མང་གཙོ་རེད། དེ་ལ་འཛམ་གླིང་ཡོངས་ནས་མི་མང་གིས་ཆ་ཤས་བླངས་ནས་འོས་འཕེན་ཡོང་དུས། གཟི་བརྗིད་ལྡན་པ་ཞིག་རེད། ལོ་རྒྱུས་ལྡན་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་འཛུགས་ལ་བརྡ་ལན་ག་རེ་གཏོང་གི་ཡོད་རེད་ཟེར་ན། ང་ཚོ་བཙན་བྱོལ་ལ་བོད་མི་ཉུང་ཤས་ཤིག་ལས་ཡོད་མ་རེད་དེ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ནས་བཞི་བཅུའི་བར་དུ་ཐོར་ནས་བསྡད་ཡོད་རེད་དེ། གང་དུ་ཡོད་ན་ཡང་དཔྱ་ཁྲལ་ལག་དེབ་དེ་བསྣམས་ནས་ང་བོད་པ་ཡིན་གདའ་ཟེར་གྱི་ཡོད་ལ། བོད་པ་ཡིན་ཙང་ང་ཚོ་ལ་བོད་མིའི་སྒྲིག་འཛུགས་ནས་མང་གཙོའི་ཐོབ་ཐང་གནང་བཞག་པ་དེ་དེ་རིང་བླངས་ནས་འོས་འཕེན་གྱི་ཡོད་ཟེར་གྱི་ཡོད་”ཅེས་གསུངས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།