རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་ལ་ཕན་ནུས་བརྒྱ་ཆ་༥༠.༤ ལས་མི་འདུག་ཟེར།
ལྷོ་ཨ་རིའི་རྒྱལ་ཁབ་བྷི་ཟིལ་(Brazil) གྱིས་རྒྱ་ནག་ནས་བཟོས་པའི་སྔོན་འགོག་སྨན་ཁབ་འབོར་ཆེན་ཞིག་མངགས་ཉོ་བྱས་རྗེས། སྨན་ཁབ་དེ་ལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གྲུབ་འབྲས་སུ་ཕན་ནུས་བརྒྱ་ཆ་༥༠.༤ ལས་འཐོན་གྱི་མེད་སྐོར་བསྒྲགས་འདུག
དེ་ཡང་བདུན་འདིའི་རེས་གཟའ་མིག་དམར་ཉིན་བྷི་ཟིལ་གྱི་གྲོང་ཁྱེར་སོ་ཕོ་ལོ་(São Paulo) ལ་རྟེན་གཞི་བྱས་པའི་ཚན་རིག་པ་ཚོས་རྒྱ་ནག་གི་སྔོན་འགོག་སྨན་ཁབ་ལ་བརྟག་དཔྱད་བྱས་པའི་གྲུབ་དོན་ཕྱིར་བསྒྲགས་པའི་ནང་། སྔོན་འགོག་སྨན་ཁབ་དེའི་ཕན་ནུས་ཀྱི་ཚད་གཞི་དེ་སྔོན་བཤད་པ་ལྟར་མཐོན་པོ་མེད་པར་བརྒྱ་ཆ་༥༠ ཙམ་ལས་མེད་པ་ཤེས་རྟོགས་བྱུང་ཚུལ་བཤད་འདུག
རྒྱ་ནག་གིས་ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༣༠ ཉིན་གཞུང་འབྲེལ་རྒྱ་སྨན་བཟོ་ཚོང་ཁང་(Sinopharm) ནས་བཟོས་པའི་སྔོན་འགོག་སྨན་ཁབ་ཅིག་མི་མང་སྤྱི་ལ་སྤྱོད་པའི་ཆོག་མཆན་སྤྲད་པ་དང་། གཞུང་འབྲེལ་སྨན་རྫས་བཟོ་ཚོང་ཁང་དེས་སྔོན་འགོག་སྨན་ཁབ་དེར་ཕན་ནུས་ཀྱི་ཚད་གཞི་བརྒྱ་ཆ་༧༩.༣༤ ཡོད་པའི་འགྲེལ་བརྗོད་བྱས་ཡོད།
ཡིན་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་རྟེན་གཞི་བྱས་པའི་སྔོན་འགོག་ཆེད་ལས་སྨན་པ་ཏའོ-ལི་ན་(Tao Lina) ཟེར་བ་ཞིག་གིས་ཉེ་ཆར་རྒྱ་ནག་གི་སྔོན་འགོག་སྨན་ཁབ་དེར་ཁྲག་ཤེད་མཐོ་རུ་གཏོང་བ་དང་། མིག་ལོང་བ། ཟས་ཀྱི་བྲོ་བ་འཆོར་བ། ཟླ་མཚན་དུས་ཐོག་ཏུ་མི་འབབ་པ། གཅིན་སྡོམ་པའི་ནུས་པ་འཆོར་བ་ལྟ་བུའི་ཟུར་གནོད་(side effects) ༧༣ ཡོད་པས། “འཛམ་གླིང་སྟེང་གི་བདེ་འཇགས་ཆུང་ཤོས་ཀྱི་སྔོན་འགོག་སྨན་ཁབ་དེ་རེད་”ཅེས་འགྲེལ་བརྗོད་བྱས་པའི་ཐོག སྔོན་འགོག་སྨན་ཁབ་དེ་ལ་ཡོང་སྲིད་པའི་ཟུར་གནོད་རྣམས་སྨན་གྱི་འགྲེལ་བཤད་དུ་བྲིས་ཡོད་སྟབས། སྨན་ཁབ་བརྒྱབ་ཟིན་པའི་མི་རྣམས་ལ་གནོད་སྐྱོན་དེ་དག་དངོས་སུ་བྱུང་ན་ཡང་། བཟོ་ཚོང་ཁང་ལ་གུན་གསབ་དགོས་པའི་ཞུ་གཏུག་བྱེད་པའི་ཐོབ་ཐང་མེད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ལག་ནས་སྔོན་འགོག་སྨན་ཁབ་ས་ཡ་མང་པོ་ཞིག་མངགས་ཉོ་བྱས་ཟིན་ན་ཡང་། ཐེངས་འདིའི་བྷི་ཟིལ་གྱི་བརྟག་དཔྱད་གྲུབ་དོན་དེས་གནས་ཚུལ་དེར་འགལ་རྐྱེན་བཟོ་བའི་ཉེན་ཁ་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་བོད་ཡིག་གསར་ཁང་ཁག་ནས་ཕྱི་ཟླ་༡ ཚེས་༧ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་༡ ཚེས་༢ ནས་བཟུང་སྟེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྨན་ཁབ་དེ་རྒྱག་པའི་འགོ་བརྩམས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།