རྒྱ་ནག་གིས་བལ་ཡུལ་ལ་གཤེ་གཤེ་བཏང་བ།
ཉེ་བའི་ཆར་བལ་ཡུལ་གྱི་བྱེད་ཕྱོགས་མང་པོ་ཞིག་ལ་རྒྱ་ནག་གཞུང་དོག་པ་སྐྱེས་ཏེ། བལ་ཡུལ་གྱི་གཞུང་གསར་པས་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༩ ཉིན་གྱི་བལ་ཡུལ་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་རྒྱ་གར་ལྷོ་ཕྱོགས་གྷོ་ཝར་རྒྱ་གར་གྱི་མཁས་དབང་ཚོགས་འདུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ནས་གཏམ་བཤད་བྱས་ཡོད་པ་དང་། ཚོགས་འདུ་དེར་བལ་ཡུལ་རྒྱལ་ཡོངས་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཤེར་བྷ་ཧ་རྡུར་ཌེའུ་བྷ་ཡིས་ཀྱང་གཏམ་བཤད་བྱས་ཡོད་འདུག བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་པས་བྱེད་ཕྱོགས་དེ་ལ་མོས་མཐུན་མེད་པའི་རྣམ་གྱུར་བསྟན་ཡོད་འདུག་པས། བལ་ཡུལ་རྒྱལ་ཡོངས་ཀོར་རེ་སི་ཚོགས་པའི་དྲུང་ཆེས་ཚོགས་འདུ་དེ་གར་སྲིད་སྐྱོང་མཉམ་ཞུགས་བྱས་མེད་སྐོར་དང་། ཚོགས་གཙོ་ཤེར་བྷ་ཧ་རྡུར་གྱིས་ཁོས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཐེ་ཚོམ་མེད་པ་མ་ཟད། རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་བྱེད་ཀྱི་ཡོད་པས། ཚོགས་འདུ་དེ་གར་བཙན་བྱོལ་བོད་མིའི་འགོ་ཁྲིད་དང་ཐུག་འཕྲད་བྱས་མེད་སྐོར་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་ལ་ལན་འདེབས་བྱས་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ཉེ་ཆར་བལ་ཡུལ་སྒྱུ་སྩལ་ལྷན་ཁང་དུ་འཚོགས་པའི་འགྲེམས་སྟོན་གྱི་ལས་རིམ་སྐབས། ཐའེ་ཝན་གྱི་རྒྱལ་དར་བེད་སྤྱད་པར་སྐྱོན་བརྗོད་དང་དགག་བྱ་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།