རྒྱ་ནག་གིས་བསྐྱར་དུ་ཨ་རུ་ན་ཅལ་གྱི་ས་གནས་༢༧་ལ་མིང་གསར་དུ་བཏགས་ཏེ་རྒྱ་ནག་གི་ཁོངས་ཡིན་པར་བརྗོད་འདུག 

དེང་སང་རྒྱ་དཀར་ནག་གཉིས་བར་ས་མཚམས་དང་ཚོང་འབྲེལ་སོགས་གང་ཐད་ནས་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་པ་རྒྱ་དཀར་ནག་གཉིས་ཀྱིས་རྗོད་ཀྱི་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གིས་བསྐྱར་དུ་ད་ལྟ་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ན་ཅལ་ཁོངས་སུ་ཡོད་པའི་ས་ཁུལ་འགའ་ཤས་བོད་ལྷོ་ཕྱོགས་ཀྱི་ས་ཆ་དང་རྒྱ་ནག་གི་ཁོངས་ཡིན་པར་བརྗོད་ནས་ས་ཆ་དེ་དག་གི་མིང་གསར་དུ་བཏགས་ཡོད་འདུག 

ཕྱི་ཚེས་༡༤ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་སྤྱི་དམངས་བདེ་དོན་ལྷན་ཁང་ངམ་(Ministry of Civil Affairs )ནས་ད་ལྟ་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ས་ཆ་༢༧ ལ་མིང་གསར་པ་བཏགས་ནས་ས་ཆ་དེ་དག་ནི་བོད་ལྷོ་ཕྱོགས་ཀྱི་ས་ཆ་དང་རྒྱ་ནག་གི་ཁོངས་ཡིན་པར་བསྐྱར་དུ་གླེང་སློང་བྱས་འདུག ས་ཆ་དེ་དག་གི་ཁོངས་སུ་རི་༡༥ དང་། ས་གནས་མི་མང་གནས་སྡོད་བྱེད་ཡུལ་གྱི་ས་ཆ་༥ རི་བརྒྱུད་༤  གཙང་པོ་༢ མཚེའུ་༡ བཅས་ཁྱོན་ས་ཆ་དང་རི་ཆུ་༢༧ ཡི་མིང་བཏགས་ཡོད་འདུག དེ་དག་ནི་བོད་ལྷོ་ཕྱོགས་དང་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ཁོངས་གཏོགས་ཡིན་པར་བརྗོད་འདུག་པ་དང་། ས་ཁུལ་དེ་དག་གི་མིང་རྒྱ་ཡིག་ནང་བྲིས་ནས་བཏོན་ཡོད་འདུག འོན་ཀྱང་། དེ་རིང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གིས་ས་ཆ་ལ་མིང་བཏགས་པའི་གནད་དོན་དེ་དག་ལ་ལན་འདེབས་བྱས་ཏེ་ཨ་རུ་ན་ཅལ་ནི་ནམ་ཡང་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་མངའ་ཁུལ་ཞིག་ཡིན་པ་དང་། གནའ་སྔོན་མ་ནས་རྒྱ་གར་གྱི་མངའ་ཁོངས་རེད་ལ། ད་ལྟ་ཡང་རེད། མ་འོངས་པ་ལ་ཡང་རྒྱ་གར་གྱི་མངའ་ཁོངས་རེད་ཅེས་ལན་འདེབས་བྱས་འདུག རྒྱ་ནག་གཞུང་ནས་རྒྱ་དཀར་ནག་བར་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ་འབད་རྩོན་བྱེད་བཞིན་ཡོད་ན་ཡང་ས་མཚམས་ཀྱི་རྩོད་རྙོག་དེ་གླེང་སློང་བྱས་ཡོད་འདུག 

ཕྱི་ལོ་༢༠༢༠ ལོར་འབྲོག་ལམ་དོན་རྐྱེན་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་ལོ་འགའ་ཤས་རིང་འབྲེལ་ལམ་བསྐྱར་གསོ་མ་ཐུབ་ནས་ལྷག་ཡོད་ཀྱང་། འདི་ལོར་ཕྱོགས་གཉིས་ཀྱིས་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་སུ་གྲོས་མོལ་རིམ་པར་བྱས་ནས་ད་ཆར་འབྲེལ་ལམ་ཡག་ཏུ་ཕྱིན་ཞིང་། གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོ་གཉིས་ལ་རྒྱ་གར་བ་རྣམས་བསྐྱར་དུ་ལོ་ལྔའི་རྗེས་སུ་གནས་མཇལ་དུ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག་པ་དང་། དེ་བཞིན་ཕྱོགས་གཉིས་བར་གནམ་གྲུ་འགྲོ་བསྐྱོད། ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གིས་བསྐྱར་དུ་ཨ་རུ་ན་ཅལ་གྱི་གནད་དོན་སྐོར་གླེང་སློང་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

ཐེངས་འདིར་རྒྱ་ནག་གིས་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པར་བརྗོད་ནས་མིང་གསར་དུ་བཏགས་པ་དེ་ཐེངས་ལྔ་པ་ཆགས་ཀྱི་ཡོད་འདུག ཐོག་མར་ཕྱི་ལོ་༢༠༡༧ ལོ་ནས་འགོ་བཙུགས་ཏེ་ས་ཆ་དྲུག་གི་མིང་བཏགས་ཡོད་འདུག་པ་དང་། དེ་ནས་ཕྱི་ལོ་༢༠༢༡ ལོར་ས་ཆ་༡༥ ལ་མིང་བཏགས། ཕྱི་ལོ་༢༠༢༣ ལོར་ས་ཆ་༡༡ ། ཕྱི་ལོ་༢༠༢༤ ཟླ་བ་༣ པའི་ནང་ས་ཆ་༣༠ ། འདི་ལོར་ས་ཆ་༢༧ ཡི་མིང་བཏགས་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Jaishankar)ཇེའེ་ཤང་ཀར་གྱིས་གལ་སྲིད་ངའི་ཁང་པ་ལ་ཁྱོད་ཀྱིས་མིང་བཏགས་ན། ངའི་ཁང་པ་དེ་ཁྱོད་ཀྱི་ནམ་ཡང་ཆགས་སྲིད་ཀྱི་མ་རེད། དེ་དང་གཅིག་མཚུངས་རྒྱ་གར་གྱི་ས་ཆ་ལ་རྒྱ་ནག་གིས་མིང་བཏགས་ནའང་དེ་ནམ་ཡང་རྒྱ་ནག་གི་ཆགས་སྲིད་ཀྱི་མ་རེད་ཅེས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།