རྒྱ་ནག་གིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཏུ་ལྐོག་ནས་བཙན་འཛུལ་བྱེད་བཞིན་ཡོད་པར་བརྗོད་འདུག

བོད་ཀྱི་ཁྱིམ་མཚེས་འབྲུག་རྒྱལ་ཁབ་ནང་རྒྱ་ནག་གིས་ལྐོག་ནས་བཙན་འཛུལ་བྱེད་བཞིན་ཡོད་འདུག་པ་དང་། འབྲུག་བོད་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེང་གསར་རྒྱག་དང་གཞུང་ལམ་འཛུགས་སྐྲུན། དམག་སྒར་གསར་རྒྱག་སོགས་བྱས་ནས་རིམ་པས་འབྲུག་ཡུལ་གྱི་ས་ཆ་ལ་བདག་བཟུང་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༦ ཉིན་(BIG Think)ཟེར་བའི་གསར་ཁང་གིས་རྒྱ་ནག་གིས་འབྲུག་རྒྱལ་ཁབ་ཀྱི་ས་ཆ་བདག་བཟུང་གང་འདྲ་བྱེད་བཞིན་ཡོད་མེད་སྐོར་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེ་ཡང་འབྲུག་རྒྱལ་ཁབ་ཀྱི་ས་ཆ་མང་པོ་ཞིག་རྒྱ་ནག་གིས་མངོན་གསལ་མེད་པའི་ཐོག་བཙན་བཟུང་བྱེད་བཞིན་ཡོད་པའི་སྐོར། ལོ་འགའ་ཤས་སྔོན་ནས་གནས་ཚུལ་འདྲ་མིན་ཐོན་ཡོད་པ་ལྟར། ད་ལྟ་ཡང་རྒྱ་ནག་གིས་ལས་གཞི་མང་དུ་སྤེལ་བཞིན་ཡོད་པར་བརྗོད་འདུག འབྲུག་རྒྱལ་ཁབ་ལྟ་བུར་མཚོན་ན་མི་འབོར་༨༠༠༠༠༠ ཙམ་ཡོད་འདུག་ཅིང་། བོད་དང་འབྲུག་གཉིས་ཀྱི་ས་མཚམས་སུ་གནའ་སྔ་མོ་ནས་གཞུང་རང་གིས་བཟོས་པའི་ས་ཐིག་ཡོད་མི་འདུག་པར་བརྟེན། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། འབྲུག་ཡུལ་དང་རྒྱ་ནག་གཉིས་བར་ཐག་ཉེ་བོ་ཆགས་ནས། ད་ཆར་རྒྱ་ནག་གིས་འབྲུག་ཡུལ་གྱི་ས་ཆ་རུ་གྲོང་གསེབ་གསར་རྒྱག་དང་དམག་སྒར་འཛུགས་སྐྲུན། གཞུང་ལམ་གསར་རྒྱག་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་ནས་འབྲུག་ཡུལ་གྱི་ས་ཆ་བརྒྱ་ཆ་༡༢ ཙམ་བཙན་བཟུང་བྱས་ནས་ལས་གཞི་མང་པོ་སྤེལ་དང་སྤེལ་བཞིན་ཡོད་འདུག སྲིད་ཟུར་བློ་བཟང་སེང་གེ་ནས་དུས་རྒྱུན་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་བོད་དང་ཧི་མ་ལ་ཡའི་ཁུལ་དུ་རྒྱ་ནག་གི་ཆབ་སྲིད་སྐོར་གཏམ་བཤད་གནང་དུས། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་ནས་ཧི་མ་ལ་ཡའི་ས་ཁུལ་དབང་དུ་བསྡུ་དགོས་ན། ཐོག་མར་ཧི་མ་ལ་ཡའི་ས་ཆ་ལྔ་ལ་བཙན་བཟུང་བྱེད་དགོས་ཀྱི་ཡོད་པ་དང་། དང་པོ། བོད་ནི་ལག་པ་ཡིན་པས། ལག་པ་དེ་བཙན་བཟུང་བྱེད་དགོས་པ་དང་། དེ་ནས་མཛུབ་མོ་ལྔ་པོ་རིམ་བཞིན་བཙན་བཟུང་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་པར་རྗོད་ཀྱི་ཡོད་པ་བཞིན། མཛུབ་མོ་ལྔ་པོ་ནི་ཨ་རུ་ན་ཅལ་མངའ་སྡེ་དང་། འབྲུག་ཡུལ། འབྲས་ལྗོངས། བལ་ཡུལ། ལ་དྭགས་བཅས་ཡིན་པ་རེད།
ད་ཆར་རྒྱ་ནག་གིས་བཙན་བཟུང་བྱེད་བཞིན་པའི་ས་ཆ་དེ་དག་ནི་འབྲུག་ཡུལ་གྱི་ས་ཁྲའི་ནང་དངོས་སུ་མཐོང་རྒྱུ་ཡོད་ན་ཡང་། རྒྱ་ནག་གིས་ས་ཆ་དེ་དག་རྒྱ་ནག་གི་ཡིན་ཚུལ་རྗོད་ཀྱི་ཡོད་འདུག རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་འབྲུག་ཡུལ་གྱི་ས་ཆ་མང་ཙམ་བཙན་བཟུང་བྱས་ནས་མཐར་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པ་ཤི་ལི་ཀུ་རི་(Siliguri)ཟེར་བ། ཡོངས་གྲགས་སུ་བྱའི་སྐེ་ཟེར་བའི་ས་ཆ་དེ་བཙན་བཟུང་བྱེད་རྒྱུར་དམིགས་ཀྱི་ཡོད་པ་སྲིད་དོན་དཔྱད་བརྗོད་པ་མང་པོ་ཞིག་གིས་རྗོད་ཀྱི་ཡོད་པ་དང་། ས་ཆ་དེ་རྒྱ་ནག་གིས་བཙན་བཟུང་བྱེད་ཐུབ་ཚེ། རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་མངའ་སྡེ་བདུན་པོ་དེ་རྒྱ་གར་རྒྱལ་ཡོངས་དང་འབྲེལ་མེད་ཁེར་རྐྱང་དུ་བཟོས་ནས། མཐར་མངའ་སྡེ་དག་བཙན་བཟུང་བྱེད་རྒྱུར་དམིགས་ཀྱི་ཡོད་པ་ཡང་བརྗོད།

ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་རྒྱ་ནག་གིས་འབྲུག་ཡུལ་དེ་བཞིན་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་མི་འདུག ཕྱི་ལོ་༡༩༥༠ ནང་འབྲུག་ནང་དུ་ཡོད་པའི་ས་ཆ་གསུམ་དཔའ་བསམ་ལུང་(Pasamlung)་ཟེར་བ་དེ་དང་། (Jakarlung) མཇའ་དཀར་ལུང་། (Beyul Khenpajong)སྦལ་མཁན་པ་ལྗོངས་བཅས་གསུམ་ནི་རྒྱ་ནག་གི་ཡིན་ཚུལ་རྗོད་ཀྱི་ཡོད་འདུག རྒྱ་ནག་དང་འབྲུག་གཉིས་བར་ཕྱི་ལོ་༡༩༨༤ ཙམ་ནས་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་ཐེངས་མང་པོ་གྲོས་མོལ་བྱེད་དགོས་བྱུང་ཡོད་འདུག་ཀྱང་། རྒྱ་ནག་གིས་གྲོས་མོལ་སྐབས་སུ་གང་བཤད་ཀྱང་། དོན་དངོས་སུ་ས་མཚམས་ནས་འཛུགས་སྐྲུན་ལས་གཞི་རྣམས་རིམ་བཞིན་སྤེལ་ནས་གྲོས་མོལ་བྱས་ཡོད་མེད་ལ་མ་བསྟུན་ནས། འབྲུག་གི་ས་ཆ་མང་པོ་བདག་བཟུང་བྱེད་བཞིན་ཡོད་འདུག ཕྱི་ལོ་༡༩༨༨ ལོར་འབྲུག་གི་ས་ཆ་འབྲོག་ལམ་ཟེར་བ་དེ་རྒྱ་ནག་གིས་ཕོན་ཆེན་པོ་བཙན་བཟུང་བྱས་ཡོད་པ་དང་། ས་ཆ་དེ་ནི་༧གོང་ས་སྐུ་ཕྲེང་༡༣ པས་འབྲུག་ཡུལ་ལ་སྤྲད་ཡོད་པར་རྗོད་ཀྱི་འདུག་ཅིང་། སྤྱིར་བཏང་འབྲོག་ལམ་ཟེར་བའི་ས་ཆ་དེ་ལ་སྤྱི་ལེ་གྲུ་བཞི་མ་༣༤ ཙམ་ལས་མེད་ཀྱང་། ས་ཆ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག འབྲོག་ལམ་ནས་རྒྱ་གར་གྱི་ས་ཆ་བྱའི་སྐེ་ཟེར་བ་དེ་བར་སྤྱི་ལེ་༢༠ ལས་མེད་པར་བརྟེན། རྒྱ་ནག་ལ་ས་ཆ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག་པ་དང་། མ་འོངས་པར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་ཤོར་ཚེ་ས་ཆ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་འདུག
ཕྱི་ལོ་༡༩༩༠ དང་ཕྱི་ལོ་༡༩༩༦ ལོར་རྒྱ་གར་གྱིས་གནོན་ཤུགས་སྤྲད་ནས་འབྲུག་ཡུལ་དང་རྒྱ་ནག་གཉིས་བར་(package deal)་ཟེར་བ། འབྲུག་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་ས་ཆ་སྤྱི་ལེ་གྲུ་བཞི་མ་༡༩༡ ཅན་ཞིག་དང་། འབྲུག་གི་ནུབ་རྒྱུད་དུ་ཡོད་པའི་ས་ཆ་སྤྱི་ལེ་གྲུ་བཞི་མ་༡༡༤ ཅན་ཞིག་གཉིས་བརྗེ་པོ་རྒྱག་རྒྱུའི་གྲོས་མོལ་བྱས་ཡོད་འདུག་ཀྱང་རྒྱ་གར་གྱིས་བཀག་ཡོད་འདུག ཕྱི་ལོ་༢༠༠༠ ནས་བཟུང་རྒྱ་ནག་གིས་ཐབས་བརྒྱ་བྱུས་སྟོང་གི་ཐོག་ནས་འབྲུག་ནང་གི་ས་ཆ་བཙན་བཟུང་བྱེད་རྒྱུ་མང་དུ་བཏང་ཡོད་འདུག་པ་དང་། རྒྱ་ནག་གིས་ཐོག་མར་བོད་པའི་འབྲོག་པ་དེ་འདྲ་འབྲུག་གི་བྱང་ཕྱོགས་སུ་བཞག་ནས། རིམ་བཞིན་གཏན་འཇགས་འདུག་ས་བཟོས་ཡོད་འདུག དེ་ནས་ཁང་པ་བརྒྱབ། གཞུང་ལམ་བཟོས། རིམ་བཞིན་དམག་སྒར་གསར་རྒྱག་བྱས། ཕྱི་ལོ་༢༠༡༦ ནས་ཕྱི་ལོ་༢༠༢༤ བར་ཁྱོན་གྲོང་སྡེ་༡༩ དང་གྲོང་མི་༧༠༠༠ འདུག་སའི་ཁང་པ་གསར་རྒྱག་ཟིན་ཡོད་འདུག ད་ཆར་འབྲུག་ཡུལ་དང་རྒྱ་ནག་གཉིས་བར་གྲོས་མོལ་ག་ཚོད་བྱས་ཀྱང་། དོན་དངོས་ཐོག་དམག་དང་། དཔལ་འབྱོར་གང་གི་ཐད་ནས་རྒྱ་ནག་སྟོབས་ཆེ་བས། འབྲུག་ཡུལ་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།