རྒྱ་ནག་གིས་བོད་ཀྱི་ཞིང་འབྲོག་མི་མང་འབུམ ༥ ཙམ་བཙན་གྱིས་ངལ་རྩོལ་སྒྱུར་བཅོད་ཁང་དུ་བཏང་འདུག
རྒྱ་ནག་གིས་འདས་པའི་ལོ་ངོ་དྲུག་བདུན་ནང་ཤར་ཏུར་ཀི་སི་ཐན་དུ་ཡུ་གུར་བ་ས་ཡ་བརྒལ་བ་བཙན་གྱིས་བཙོན་སྒར་དུ་ཉར་ནས་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཐོག་མའི་ཟླ་ངོ་ ༧ གྱི་ནང་དུ་བོད་ཀྱི་ཞིང་འབྲོག་མི་མང་འབུམ་ ༥ ཙམ་བཙན་གྱིས་ངལ་རྩོལ་སྒྱུར་བཀོད་ཁང་(military-style traininig centres)དུ་བཏང་བའི་གནས་ཚུལ་བྱུང་འདུག
དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་ཨ་རིར་རྟེན་གཞི་བྱས་པའི་ཇེམ་སི་ཏྲོན་ཐེབས་རྩ་ཁང་(Jamestown Foundation)ནས་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་བོད་ལ་འབྱོར་བའི་འགོ་རྩོམ་བཞིན་ཡོད་ཚུལ་བཀོད་འདུག
རྒྱ་ནག་གིས་“བོད་རང་སྐྱོང་ལྗོངས་”སུ་བོད་ཀྱི་ཞིང་འབྲོག་མི་མང་རྣམས་ས་ཕྱོགས་གཞན་དུ་ཡོད་པའི་བཟོ་གྲྭ་ཁག་ལ་ངལ་རྩོལ་བྱེད་དུ་གཏོང་བའི་ལས་འཆར་ཞིག་ལག་བསྟར་བྱེད་ཀྱིན་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་དེ་ནི་དབུལ་ཕོངས་སེལ་ཆེད་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་ཕྱི་ལོ་ ༢༠༢༠ ནང་འབུལ་ཕོངས་རྩ་མེད་བཟོ་བའི་དམིགས་ཡུལ་དང་མཐུན་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་ན་ཡང་། དོན་དངོས་ཐོག་དེ་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་། སྐད་ཡིག རིག་གཞུང་བཅས་པ་རྩ་མེད་བཟོས་ཏེ་ཡོད་ཚད་རྒྱ་ནག་ཏུ་སྒྱུར་བའི་སྲིད་བྱུས་ཤིག་ཡིན་འདུག
ཉམས་ཞིབ་ཁང་དེའི་སྙན་ཐོ་གསར་པ་དེའི་ནང་འཁོད་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཡི་ཐོག་མའི་ཟླ་ངོ་ ༧ ནང་དུ་བོད་མི་འབུམ་ ༥ ཙམ་ལ་ངལ་རྩོལ་གྱི་སྦྱོང་བརྡར་སྤྲད་འདུག་ལས། ཕལ་ཆེ་བ་འབྲོག་པ་དང་ཞིང་པ་ཡིན་འདུག
ཟླ་སྔོན་མའི་ཟླ་མཇུག་ཏུ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཚོགས་ཆེན་ཞིག་པེ་ཅིང་དུ་འཚོགས་པའི་ཐོག ཞི་ཅིན་ཕིང་གིས་བོད་ལ་བརྟན་ལྷིང་ཡོང་བའི་ཆེད་དུ་བོད་བརྒྱུད་ནང་བསྟན་“ཀྲུང་གོ་ཅན་དུ་”འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཤད་དེ། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་ཡོད་ཚད་“རྒྱ་ནག་ཅན་”དུ་སྒྱུར་དགོས་པའི་བཀའ་ནན་པོ་བཏང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།