རྒྱ་ནག་གིས་བྱིས་པ་གསུམ་སྐྱེ་ཆོག་པ་བཟོས་རུང་ཡུ་གུར་བའི་བུད་མེད་ཚོའི་སྐྱེ་སྒོ་སྔར་ལྟར་འགོག་བཞིན་ཡོད་འདུག
ཉེ་ཆར་རྒྱ་ནག་གིས་ཉིན་གཉེན་སྒྲིག་བྱས་པའི་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་གསར་པ་ལག་བསྟར་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་རུང་། ཡུ་གུར་བའི་བུད་མེད་ཚོའི་སྐྱེ་སྒོ་འགོག་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ཡིན་འདུག
ཕྱི་ཟླ་ ༦ ཚེས་ ༢ ཉིན་བརྒྱུད་ལམ་ཁག་ན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཕྲུ་གུ་སྐྱེ་རྒྱུའི་སྲིད་ཇུས་ལྷོད་དུ་གཏོང་བ་དེ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཡོངས་རྫོགས་ལ་གཅིག་མཚུངས་སུ་ལག་བསྟར་མི་བྱེད་པར་ཡུ་གུར་གྱི་བུད་མེད་ཚོའི་སྐྱེ་སྒོ་སྔར་མུས་ལྟར་འགོག་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་ཡུ་གུར་བའི་“ མི་རིགས་རྩ་མེད་”བཟོ་བའི་སྲིད་བྱུས་ཀྱི་ཆ་ཤས་ཆེན་པོ་གཅིག་ནི། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཡུ་གུར་བའི་བུད་མེད་ཚོའི་སྐྱེ་སྒོ་བཙན་གྱིས་བཀག་སྟེ་མ་འོངས་སོན་རྩ་མེད་པ་བཟོ་རྒྱུ་དེ་ཡིན་འདུག
ན་ནིང་ཕྱི་ཟླ་ ༦ པའི་ནང་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་Associated Press ཡིས་སྤེལ་བའི་གསར་འགྱུར་ཞིག་གི་ནང་། ཉེ་བའི་ལོ་འགའ་ཤས་ནང་རྒྱ་ནག་གཞུང་གིས་སྐྱེ་སྒོ་འགོག་པའི་ཐོག་ཏུ་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་བཏང་བ་དེས། རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཆེས་ཆེ་ཤོས་ཀྱི་ས་ཁུལ་ཡུ་གུར་བའི་ནང་ཆེས་དལ་ཤོས་སུ་བསྒྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་གྱི་ཡུ་གུར་བའི་བྱིས་པ་སྐྱེ་བ་ཚད་དེ་བརྒྱ་ཆ་ ༦༠ ལྷག་མར་ཆག་ཡོད་འདུག
དེ་བཞིན་རྒྱ་ནག་གིས་ཡུ་གུར་བ་མི་མང་ས་ཡ་ ༡ ལྷག་བཙན་གྱིས་བཙོན་སྒར་དུ་ཉར་བ་དང་། གླ་མེད་ངལ་རྩོལ་བྱེད་དུ་འཇུག་པ། བྱིས་པའི་ཀླད་པ་འཁྲུ་བ་ལ་སོགས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་སུ་ཡོད།
ཨ་རིས་ལོ་འདིའི་འགོ་སྟོད་དུ་རྒྱ་ནག་གི་སྲིད་བྱུས་དེ་“མི་རིགས་རྩ་མེད་”ཀྱི་སྲིད་བྱུས་ཡིན་པར་ངོས་འཛིན་བྱས་པའི་རྗེས། དེ་“མི་རིགས་རྩ་མེད་”ཡིན་པའི་ངོས་འཛིན་བྱེད་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས་མང་ནས་མང་དུ་འགྱུར་བཞིན་ཡོད།
གསར་འགོད་པ་དཀོན་མཆོག་རབ་བརྟན།