རྒྱ་ནག་གིས་མཁས་པས་ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་པ་དེས་ཨ་རྒྱའི་འགལ་ཟླ་ལྷོད་དུ་འགྲོ་བར་ཕན་པའི་སྔོན་དཔག་བྱེད་ཀྱི་ཡོད་འདུག 

ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཇཱོ་བྷེ་ཌན་(Joe Biden)ལ་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། པེ་ཅིང་གཞུང་གིས་“དབུགས་གཏོང་ས་”མང་ཙམ་ཡོང་བའི་རེ་བ་རྒྱག་གི་ཡོད་འདུག 

རྒྱ་ནག་གི་མཁས་པ་ཚོས་ཨ་རིའི་སྲིད་འཛིན་འོས་འགྲན་ནང་ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་པའི་མཇུག་འབྲས་སུ་ཨ་རྒྱ་གཉིས་ཀྱི་འགལ་ཟླ་ལྷོད་དུ་འགྲོ་བའི་སྔོན་དཔག་བྱེད་ཀྱིན་ཡོད་འདུག ད་ལྟའི་ཆར་པེ་ཅིང་གཞུང་གིས་ཨ་རིའི་འོས་བསྡུའི་མཇུག་འབྲས་དང་འབྲེལ་བའི་སྐད་ཆ་གང་ཡང་མ་བཤད་པར་ཁ་རོག་བསྡད་ཡོད་ན་ཡང་། རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་ཇཱོ་བྷེ་ཌན་ལ་རྒྱལ་ཁབ་ཐོབ་པར་བརྟེན་ནས་རྒྱ་ནག་གཞུང་ལ་“དབུགས་གཏོང་ས་”མང་ཙམ་ཡོང་བའི་ཡིད་ཆེད་བྱེད་ཀྱི་ཡོད་པ་མ་ཟད། ལོ་རྗེས་མར་ཇཱོ་བྷེ་ཌན་གྱིས་དངོས་སུ་སྲིད་འཛིན་དམ་འབུལ་ཞུས་རྗེས་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཕྱོགས་ཕལ་ཆེ་བ་ནས་སྔོན་ཆད་ལྟར་མཉམ་འབྲེལ་ཡོང་བའི་སྔོན་དཔག་ཀྱང་བྱེད་ཀྱི་ཡོད་འདུག 

འཇར་མན་གྱི་གསར་ཁང་ཌོ་ཆི་ཝི་ལཱ་(Deutsche Welle) ཡིས་ནཱན་ཅིན་སློབ་གྲྭ་ཆེན་མོའི་(Nanjing University) མཁས་པ་ཀྲོའུ་ཧྥེང་(Zhu Feng) ལ་བཅར་འདྲི་ཞིག་བྱས་པའི་ནང་། ཀྲོའུ་ཧྥེང་གིས་ཇཱོ་བྷེ་ཌན་གྱི་ཕྱི་འབྲེལ་སྲིད་བྱུས་དེ་ཊོམ་དང་ཡོངས་སུ་མི་འདྲ་བ་དང་། ཇཱོ་བྷེ་ཌན་གྱིས་རྒྱ་ནག་འདུས་པའི་ཕྱིའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱེད་རྒྱུའི་ཐོག་ལ་ཤུགས་རྒྱག་ངེས་པའི་འགྲེལ་བརྗོད་བྱས་ཡོད་འདུག 

ཀྲོའུ་ཧྥེང་གིས་ཇཱོ་བྷེ་ཌན་གྱི་རིག་པ་སྒྲིམ་ས་གཙོ་བོ་དེ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19 ཟེར)འགོག་སྲུང་དང་སྟངས་འཛིན་བྱེད་རྒྱུ་དེ་ཡིན་རུང་། ཁོས་རྒྱལ་སྤྱིའི་མཉམ་འབྲེལ་ལ་འདོད་མོས་བྱེད་ཀྱི་ཡོད་པ་དེས་ཨ་རྒྱའི་འབྲེལ་ལམ་ལ་ཕན་ཐོགས་ཡོང་ངེས་ཞེས་འགྲེལ་བརྗོད་བྱས་པའི་ཁར། ཨ་རིའི་སྲིད་གཞུང་གསར་པའི་དེའི་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་བར་དུ་གྲོས་མོལ་མང་ཙམ་ཡོང་བའི་སྔོན་དཔག་བྱས་འདུག 

དེ་བཞིན་ཧྥོ་ཏང་སློབ་གྲྭ་ཆེན་མོའི་(Fudan University) ཨ་རིའི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཞིན་ཁུན་(Xin Qiang) གྱིས་ཀྱང་ཇཱོ་བྷེ་ཌན་ལ་འོས་བསྡུའི་རྒྱལ་ཁབ་ཐོབ་པ་དེས་ཨ་རྒྱའི་འགལ་ཟླ་ལྷོད་དུ་གཏོང་བའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག་སྟེ། ཁོས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ལ་རྒྱལ་ཁབ་གཉིས་ཀྱི་གནམ་གཤིས་འགྱུར་ལྡོག་དང་གནད་ཡམས་ལ་འཐབ་འཛིང་བྱེད་པ་དང་སྦྲགས། བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡོང་ཐབས་ལ་ལྟ་ཚོད་བྱེད་ཆོག་ཚུལ་བཤད་ཡོད་འདུག 

གཞན་ཡང་། རྒྱ་ནག་གི་མཁས་པ་ཁོས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་ཡིད་ཆེས་སླར་གསོ་བྱེད་པར་དུས་ཚོད་འགོར་ངེས་པ་དང་། འཕྲུལ་ལས་ཀྱི་གྲང་དམག་ནི་ཕལ་ཆེར་གཡོལ་ཐབས་བྲལ་བ་ཞིག་ཡིན་རུང་། བྷེ་ཌན་སྲིད་གཞུང་ནས་ཐའེ་ཝན་གྱི་གནད་དོན་ཐད་ལ་གཟབ་གཟབ་བྱེད་ངེས་པ་དང་། དེ་ལ་བརྟེན་ནས་ཐའེ་ཝན་གྱི་མཚོ་ཁུག་ཏུ་དཀའ་རྙོག་ཡོང་བའི་ཉེན་ཁ་ཆུང་དུ་འགྲོ་ངེས་ཚུལ་བརྗོད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།