རྒྱ་ནག་གིས་མུ་མཐུད་ཨ་རིའི་གསར་ཁང་ཁག་ལ་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་གཏོང་བཞིན་འདུག

བརྡ་འཕྲིན་དུས་རབས་(the age of information) འདིར་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གསར་ཁང་སྟེ། <<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་ཨ་རིའི་གསར་ཁང་ཆེ་ཁག་རྣམས་ལ་ཨ་སྒོར་ས་ཡ་མང་པོ་སྟེར་ནས་རྒྱ་ནག་གི་དགོས་མཁོར་མཐུན་པའི་རྫུན་བསྒྲགས་རྣམས་གསར་འགྱུར་དང་ཁྱབ་བསྒྲགས་ཀྱི་ངོ་བོའི་ཐོག་ནས་པར་སྐྲུན་དང་བརྒྱུད་སྤེལ་བྱེད་དུ་འཇུག་གི་ཡོད་འདུག 

འདི་ལོར་ཊོམ་སྲིད་གཞུང་ནས་<<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་མཚོན་པའི་རྒྱ་ནག་གི་གསར་ཁང་ཆེ་བ་རྣམས་རང་དབང་ཅན་གྱི་གསར་ཁང་མ་ཡིན་པར་རྒྱ་ནག་གཞུང་གི་དོན་སྒྲུབ་མཁན་དུ་ངོས་འཛིན་བྱས་ཏེ། ལས་དོན་གང་སྒྲུབ་ཀྱི་སྙན་ཐོ་དང་འགྲོ་གྲོན་གྱི་རྩིས་ཁྲ་ཨ་རིའི་གཞུང་ལ་འབུལ་དགོས་པ་བཟོས་པ་ལྟར། བདུན་ཕྲག་གོང་མར་<<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་ཨ་རིའི་ཁྲིམས་ཞིབ་ལས་ཁུངས་(Department of Justice) ལ་འགྲོ་གྲོན་གྱི་རྩིས་ཁྲ་ཞིག་ཕུལ་འདུག་པའི་ནང་། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དེས་འདི་ལོའི་ཕྱི་ཟླ་༥ ཚེས་༡ ནས་ཕྱི་ཟླ་༡༠ ཚེས་༣༡ བར་གྱི་ཟླ་བ་བཞིའི་རིང་ཁྱོན་བསྡོམས་ཨ་སྒོར་ས་ཡ་༤.༤ ལྷག་འགྲོ་གྲོན་བཏང་འདུག་པ་ལས། ཨ་སྒོར་ས་ཡ་༣.༡ ཙམ་ཨ་རིའི་གསར་ཁང་ཁག་ཏུ་རྒྱ་ནག་གི་རྫུན་བསྒྲགས་པར་སྐྲུན་དང་། ཁྱབ་བསྒྲགས། བརྒྱུད་སྤེལ་བྱེད་པ་སོགས་ཀྱི་ཐོག་ཏུ་བཏང་ཡོད་འདུག 

རྒྱ་ནག་གི་འགྲོ་གྲོན་ཕོན་ཆེན་གཏོང་ཡུལ་གྱི་གསར་ཁང་དེ་དག་གི་ཁྲོད་ནས་ཆེ་ཤོས་གཅིག་ནི་ལོའུ་སན་དུས་བབ་(Los Angeles Times) ཡིན་འདུག་སྟེ། འདས་པའི་ཟླ་བ་དྲུག་གི་རིང་ལ་གསར་ཁང་དེར་ཁྱབ་བསྒྲགས་ཆེད་དུ་ཨ་སྒོར་༣༤༠,༠༠༠ དང་། ཚགས་ཤོག་པར་སྐྲུན་ཆེད་དུ་ཨ་སྒོར་༡༡༡,༥༠༡ བཅས་སྟེར་ཡོད་འདུག 

འདས་པའི་ལོ་ཤས་ནང་། <<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་ནས་ཨ་རིའི་གསར་ཁང་དག་གི་ནང་དུ་“རྒྱ་ནག་ལྟ་ཞིབ་”(China Watch) ཞེས་པའི་སྡེ་ཚན་ཞིག་སྤེལ་དུ་འཇུག་གི་ཡོད་ཅིང་། སྡེ་ཚན་དེ་གསར་འགྱུར་རམ་གླ་ཡོད་གསལ་བསྒྲགས་ཀྱི་ངོ་བོའི་ཐོག་ནས་སྤེལ་གྱི་ཡོད་རུང་། དོན་དངོས་ཐོག་དེའི་ནང་དུ་རྒྱ་ནག་གི་དགོས་མཁོར་འཚམ་པའི་འཁྱོག་བཤད་དང་རྫུན་བསྒྲགས་ཞེ་ཅིག་ཡིན་འདུག 

འདི་ལོའི་ཕྱི་ཟླ་༢ ཚེས་༡༨ ཉིན་ཊོམ་སྲིད་གཞུང་གིས་<<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་མཚོན་པའི་རྒྱ་ནག་གི་གསར་ཁང་ལྔ་རང་དབང་ཅན་གྱི་གསར་ཁང་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་བྱས་པའི་ཐོག ཕྱི་ཟླ་༦ ཚེས་༢༢ ཉིན་རྒྱ་ནག་གི་གསར་ཁང་གཞན་བཞི་ཡང་རྒྱ་ནག་གི་གཞུང་དོན་སྒྲུབ་མཁན་དུ་ངོས་འཛིན་བྱས་ཡོད། 

<<རྒྱ་ནག་ཉིན་རེའི་གསར་འགྱུར་ཁང་>>གིས་ཕྱི་ཟླ་༦ པའི་ནང་ཨ་རིའི་གཞུང་ལ་ལས་དོན་སྙན་ཐོ་དང་རྩིས་ཁྲ་ཞིག་ཕུལ་བའི་ནང་། ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ ནས་བཟུང་སྟེ་འདས་པའི་ལོ་ངོ་བཞིའི་རིང་རྒྱ་ནག་གི་གསར་ཁང་དེས་ཨ་རིའི་གསར་ཁང་དག་གི་ཐོག་ཏུ་ཨ་སྒོར་ས་ཡ་༡༩ ལྷག་གི་འགྲོ་གྲོན་བཏང་ཡོད་འདུག

རྒྱ་ནག་གིས་འགྲོ་གྲོན་གཏོང་སའི་གསར་ཁང་དེ་དག་རྒྱལ་སྤྱིའི་ཐོག་ནས་ཚད་འཛིན་བྱེད་ཡུལ་དང་། འཛམ་གླིང་མི་མང་གི་ལྟ་བ་དང་བསམ་བློར་ཤུགས་རྐྱེན་སྟེར་ཐུབ་མཁན་གྱི་གསར་ཁང་ཆེ་བ་ཞེ་ཅིག་ཡིན་འདུག་སྟེ། ཝ་ཤིན་ཏྲོན་གྱི་ཆ་འཕྲིན་(The Washington Post) དང་།  ཝོལ་གསང་སྲམ་གྱི་ཉིན་རེའི་གསར་འགྱུར་།(The Wall Street Journal) ནིའུ་ཡོག་དུས་བབ། (New York Times) ཕྱི་འབྲེལ་སྲིད་བྱུས་(Foreign Policy) ལ་སོགས་ཡིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།