རྒྱ་ནག་གིས་“ཞི་ཅིན་ཕིང་གི་དགོངས་པ་”རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་ནང་དུ་འཇོག་རྒྱུ་རེད་འདུག 

རྒྱ་ནག་སློབ་གསོའི་ལས་ཁུངས་ནས་བཏོན་པའི་ལམ་སྟོན་གསར་པའི་ནང་། རྒྱ་ནག་གི་འགོ་ཁྲིད་“ཞི་ཅིན་ཕིང་གི་དགོངས་པ་”གཞི་རིམ་སློབ་གྲྭ་ནས་སློབ་གྲྭ་ཆེན་མོའི་བར་གྱི་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་ནང་དུ་བཞག་སྟེ་སློབ་ཁྲིད་བྱེད་དགོས་པ་དང་། དེས་ལོ་ཆུང་བྱིས་པ་རྣམས་ལ་མར་ཁི་སིའི་ལྟ་བ་(Marxist beliefs) སྐྱེད་སྲིང་བྱེད་པར་རོགས་རམ་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག 

བྷེ་བྷེ་སིའི་གསར་ཁང་(BBC) ནས་འདི་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། “འདི་ནི་སྐུ་ཞབས་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་ཟུར་སྣ་ཚོགས་སུ་རྒྱ་ནག་དམར་ཤོག་ཚོགས་པ་སྲ་བརྟན་བཟོ་བའི་འབད་བརྩོན་གསར་ཤོས་དེ་ཡིན་”པའི་འགྲེལ་བརྗོད་བྱས་འདུག 

རྒྱ་ནག་སློབ་གསོའི་ལས་ཁུངས་ནས་བཏང་བའི་ལམ་སྟོན་གསར་པའི་ནང་། རྒྱ་ནག་གིས་“ནང་གི་ཀུན་སྤྱོད་དང་རྣམ་དཔྱོད་ཐོག ཕྱིའི་གཟུགས་པོའི་བདེ་ཐང་འཛོམས་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་། རྒྱུན་འཛིན་བྱེད་མཁན་གསོ་སྐྱོང་བྱེད་”པའི་དམིགས་ཡུལ་འཆང་གི་ཡོད་པ་དང་། བྱིས་པ་ཚོའི་ལས་ཀའི་བརྩོན་སེམས་གསོ་སྐྱོང་བྱེད་པའི་ཆེད་དུ། ངལ་རྩོལ་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་ཡང་སློབ་ཚན་ནང་དུ་འཇུག་གི་ཡིན་ཚུལ་བཤད་ཡོད་འདུག 

ཕྱི་ལོ་༢༠༡༨ ལོར་“ཞི་ཅིན་ཕིང་གི་དགོངས་པ་”རྒྱ་ནག་གི་རྩ་ཁྲིམས་ནང་དུ་བཅུག་པ་ནས་བཟུང་། མཐོ་རིམ་སློབ་གཉེར་ཁང་དང་། ཆབ་སྲིད་ཚོགས་པ་ཁག་གི་ཟུར་ལྟའི་སློབ་ཚན་མང་པོའི་ནང་དུ་བཞག་ཡོད་ན་ཡང་། ད་ནི་རྒྱལ་ཡོངས་ཀྱི་མཐོ་དམན་བར་མའི་སློབ་གྲྭ་ཀུན་གྱི་སློབ་ཚན་དུ་འཇོག་རྒྱུའི་ཐག་གཅོད་བྱུང་ཡོད་འདུག 

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལས་དུས་བབ་(Global Times) ནས་སྤེལ་བའི་གནས་ཚུལ་ལྟར་ན། “སློབ་ཆུང་ནང་དུ་རྒྱལ་ཁབ་དང་། རྒྱ་ནག་དམར་ཤོག་ཚོགས་པ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་སྐྱེད་སྲིང་བྱེད་རྒྱུ་གཙོ་བོར་དམིགས་རྒྱུ་ཡིན་པ་དང་། དེ་ནས་སློབ་འབྲིང་སྐབས་སུ་སློབ་མའི་གཞི་རྩའི་ཆབ་སྲིད་ཀྱི་ལྟ་བ་དང་བསམ་བློ་སྐྱེད་སྲིང་བྱེད་པའི་ཆེད། ཤེས་ཡོན་དང་ཉམས་མྱོང་ཟུང་འབྲེལ་གཏོང་རྒྱུར་དམིགས་པ་དང་། མཇུག་མཐར་སློབ་ཆེན་ནང་དུ་ལྟ་བའི་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་”འདུག 

རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གི་རྗེས་སུ། རྒྱ་ནག་གི་འགོ་ཁྲིད་རིམ་བྱུང་ཁྲོད་ནས་ཞི་ཅིན་ཕིང་ལྟ་བུའི་དབང་ཤུགས་དང་། དབང་ཆ་སྒེར་འཛིན་བྱེད་མཁན་ཞིག་བྱུང་མེད་ལ། ཞི་ཅིན་ཕིང་གི་སྲིད་དབང་འོག་ནས་རྒྱ་ནག་ཏུ་དྲག་གནོན་དང་དམ་དྲག་ཇེ་ཆེ་དང་། རང་དབང་དང་ཐོབ་ཐང་ཇེ་ཆུང་དུ་གྱུར་ནས་ཕྱིར་མའོ་ཡི་དུས་སྐབས་སུ་ལོག་བཞིན་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།