རྒྱ་ནག་གིས་འབྲུག་གི་ས་མཚམས་བརྒལ་ཏེ་གྲོང་གསེབ་མང་པོ་གསར་རྒྱག་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་བོད་དང་རྒྱ་གར། འབྲུག་གསུམ་གྱི་ས་མཚམས་དུ་དམག་གི་རྟེན་གཞི་མང་པོ་གསར་རྒྱག་བྱེད་བཞིན་ཡོད་པ་བཞིན། ད་ཆར་རྒྱ་ནག་གིས་འབྲུག་གི་མངའ་ཁུལ་ནང་གྲོང་གསེབ་༢༢ ཙམ་གསར་རྒྱག་བྱས་ནས་འབྲུག་གི་མངའ་ཁུལ་བདག་བཟུང་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༧ ཉིན་(The EurAsian times)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ད་ཆར་འབྲུག་ཡུལ་ནང་གྲོང་གསེབ་ཁྱོན་༢༢ ཙམ་གསར་རྒྱག་བྱས་ཡོད་འདུག་ལ། གྲོང་གསེབ་གསར་རྒྱག་དེ་ཕྱི་ལོ་༢༠༡༦ ནང་འགོ་འཛུགས་བྱས་ཡོད་འདུག རྒྱ་ནག་གིས་འབྲུག་གི་ས་མཚམས་ནང་ལོགས་སུ་གྲོང་གསེབ་དང་གཞིས་ཆགས་ ༢༢ བཟོས་ཡོད་པ་དེའི་ཁྲོད་དུ་གྲོང་གསེབ་ ༡༩ དང་གཞིས་ཆགས་ཆུང་བ་ ༣ ཡོད་འདུག གྲོང་གསེབ་ ༣ ནི་གྲོང་ཁྱེར་དུ་བཟོ་རྒྱུའི་འཆར་གཞི་ཡོད་འདུག དམིགས་བསལ་ས་མཚམས་བརྒལ་ནས་བཟོ་སྐྲུན་གྱི་ལས་གཞི་༧ ནི་ ༢༠༢༣ ལོའི་འགོ་སྟོད་ནས་བྱུང་བ་ཞིག་ཡིན་འདུག་ལ། དེས་མངའ་ཁུལ་དུ་བཙན་འཛུལ་བྱས་པའི་ནང་འཛུགས་སྐྲུན་གྱི་མྱུར་ཚད་མངོན་གསལ་དོད་པོར་མཚོན་གྱི་ཡོད་འདུག ཕྱི་ལོ༢༠༡༦ ལོར་རྒྱ་ནག་གིས་སྤྱིར་བཏང་འབྲུག་གི་མངའ་ཁོངས་སུ་ངོས་འཛིན་བྱེད་པའི་ས་ཁུལ་ཞིག་ཏུ་གྲོང་གསེབ་འཛུགས་སྐྲུན་འགོ་བཙུགས་བྱས་ཡོད་ཅིང་། ཕྱི་རྒྱལ་གྱི་ཉམས་ཞིབ་པ་དང་གཞུང་ཁག་གིས་དེ་དག་ཤེས་རྟོགས་བྱུང་བར་ལོ་ལྔ་འགོར་ཡོད་འདུག དེའི་སྐབས་སུ་རྒྱ་ནག་གིས་འབྲུག་གི་ས་མཚམས་ནང་གྲོང་གསེབ་གཞན་གཉིས་བཟོས་ཚར་ཡོད་འདུག་ལ། དེ་དག་ཚང་མ་ཧི་མ་ལ་ཡའི་ས་ཁུལ་ཁྲོད་ཀྱི་ས་ཁུག་ལུང་ཁུག་དེ་འདྲའི་ནང་འཛུགས་སྐྲུན་བྱས་ཡོད་པར་བརྗོད་འདུག
རྒྱ་ནག་གིས་མངའ་ཁུལ་རྒྱ་སྐྱེད།
བོད་དོན་སྐོར་ཉམས་ཞིབ་པའི་དྲ་རྒྱ་ (Turquoise Roof)ཡི་སྙན་ཐོ་ལྟར་ན། ཉེ་ཆར་གྱི་ཧི་མ་ལ་ཡའི་ས་ཁུལ་གྱི་ས་ཁམས་ཆབ་སྲིད་ཁྲོད་འཛུགས་སྐྲུན་ལས་གཞི་དེ་དག་ནི་ཡ་མཚན་པའི་འཕེལ་རྒྱས་ཤིག་ཡིན་པ་མངོན་གསལ་དོད་པོར་བསྟན་ཡོད་འདུག འཁོར་སྐར་བརྙན་པར་གྱིས་བསྟན་དོན་ལ། ད་ལྟ་གྲོང་གསེབ་དང་གཞིས་ཆགས་ ༢༢ དང་། སྡོད་ཁང་སྡེ་ཚན་ ༧༥༢ ཙམ་དང་། ཚོད་དཔག་བྱས་ན་ཁྱིམ་ཚང་གི་སྡོད་ཁང་ ༢,༢༨༤ ཡོད་པར་བསྟན་ཡོད་འདུག ད་ཆར་རྒྱ་ནག་གི་མི་གྲངས་ ༧,༠༠༠ ཙམ་དང་། དཔོན་རིགས། ལས་བྱེད། ས་མཚམས་ཉེན་རྟོག་པ། དམག་མི་བཅས་ཀྱི་གྲངས་འབོར་ངེས་མེད་ཅིག་སྔོན་ཆད་མི་མེད་ལུང་སྟོང་དུ་གྱུར་པའི་ས་ཁུལ་དེ་དག་ཏུ་གནས་སྤོ་བྱེད་བཞིན་ཡོད་འདུག
འཛུགས་སྐྲུན་འདི་དག་གི་གལ་འགངས་ཆེ་ཤོས་གཅིག་ནི་བོད་ནང་ཀྱི་གྲོང་གསེབ་དང་འབྲུག་ཡུལ་ནང་གི་གསར་དུ་བསྐྲུན་པའི་གྲོང་གསེབ་གཉིས་བར་འབྲེལ་མཐུད་བྱེད་ཀྱི་ཡོད་འདུག་ལ། ཚང་མ་རྒྱ་ནག་གི་གྲོང་ཁྱེར་དང་ལམ་སྦྲེལ་བྱས་ཡོད་འདུག་ཀྱང་། འབྲུག་གི་གྲོང་ཁྱེར་ནས་ཁ་བྲལ་དུ་གནས་ཡོད་འདུག རྒྱ་ནག་གིས་འབྲུག་ནང་རང་གི་གནས་བབ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། འབྲུག་གི་དམག་དོན་ནུས་པ་ནི་ཆུང་ཆུང་ཡིན་འདུག་ཅིང་། དེར་ཡོད་པའི་དམག་མིའི་གྲངས་ཀ་ནི་་ ༨,༠༠༠ ཙམ་ལས་ཡོད་མི་འདུག དེ་དག་ནི་གཙོ་བོ་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་འདུག རྒྱ་ནག་གི་དམག་དཔུང་ནུས་པའི་ཁྱད་པར་ཆེན་པོ་འདིས་འབྲུག་གི་མངའ་ཁུལ་བདག་དབང་ལ་སེམས་འཚབ་ཆེན་པོ་ཡོང་བཞིན་ཡོད་འདུག་ལ། ལྷག་པར་དུ་རྒྱ་ནག་ལྟ་བུར་སྟོབས་ཆེན་རྒྱལ་ཁབ་གཅིག་དང་ལྷན་དུ་མཉམ་ལས་བྱེད་དུས་དེ་བས་སེམས་འཚབ་ཆེན་པོ་ཡོང་གི་ཡོད་འདུག
རྒྱ་དཀར་ནག་གཉིས་བར་དུ་རྩོད་གླེང་ཡོད་པའི་གྲོང་གསེབ་གཅིག་
སྙན་ཐོ་དེའི་ནང་དུ་ཕྱི་ལོ༡༩༥༡ ལོར་རྒྱ་མིས་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་རྗེས། རྒྱ་ནག་གིས་བོད་དང་འབྲུག་གི་ས་མཚམས་དབང་འཛིན་བྱས་ཡོད་པ་དང་། དེའི་མཇུག་འབྲས་སུ་འབྲུག་དང་རྒྱ་ནག་བར་དུ་སྤྱི་ལེ་ ༤༧༧ ཙམ་གྱི་ས་མཚམས་ཆགས་ཡོད་ཚུལ་དང་། དེ་ནས་བཟུང་རྒྱ་ནག་གིས་བཙན་འཟུང་བྱས་པའི་བོད་དང་འབྲུག་གཉིས་ཀྱི་བར་དུ་ས་མཚམས་འདིའི་ཐོག་གྲོས་མཐུན་འཇོག་མ་ཐུབ་པར་ལྷག་ཡོད་པར་བརྗོད་འདུག འབྲུག་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ ༡༤ ཡི་ཁྲོད་ནས་ས་མཚམས་གཏན་འབེབས་མ་བྱས་པའི་རྒྱལ་ཁབ་གཉིས་ཡོད་པའི་ནང་ནས་གཅིག་འབྲུག་ཡུལ་དང་གཞན་དེ་རྒྱ་གར་ཡིན་འདུག རྒྱ་ནག་གི་མངའ་ཁོངས་རྒྱ་བསྐྱེད་བྱེད་འདོད་པ་དེ་འབྲུག་ཁོ་ནར་མ་ཡིན་པ། ཕྱི་ལོ ༢༠༢༡ ལོར་རྒྱ་ནག་གིས་རྒྱ་གར་གྱིས་བདག་དབང་ཡོད་ཚུལ་བརྗོད་པའི་ས་ཁུལ་ཞིག་ལ་གྲོང་གསེབ་གཅིག་གསར་བཟོ་བྱས་ཡོད་འདུག་ལ། གྲོང་གསེབ་དེའི་མིང་ལ་ལྷོ་པ་((Lhoba)གྲོང་གསེབ་གསར་པ་ཞེས་བཏགས་ཡོད་འདུག གྲོང་གསེབ་འདི་ནི་ཕྱི་ལོ༡༩༥༩ ལོ་ནས་༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་མ་བྱུང་གོང་དུ། རྒྱ་ནག་གི་དམག་མིས་རྒྱ་གར་གྱི་དབང་འོག་ནས་བཙན་འཕྲོག་བྱས་པའི་ས་ཁུལ་ཞིག་ཏུ་ཆགས་ཡོད་འདུག་ལ། དུས་དེ་ནས་བཟུང་རྒྱ་ནག་གིས་ས་ཁུལ་དེར་ཆ་ཚང་དབང་བསྒྱུར་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་འབྲོག་ལམ་ས་ཁུལ་བདག་བཟུང་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པ།
རྒྱ་ནག་གིས་འབྲུག་གི་ས་ཁུལ་གཙོ་བོ་གཉིས་ཏེ། ནུབ་ཕྱོགས་དང་བྱང་ཤར་ཕྱོགས་སུ་ས་མཚམས་བརྒལ་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག་པ་དང་། གྲོང་གསེབ་འདི་དག་གི་ཁྲོད་ནས་གྲོང་གསེབ་བརྒྱད་ནི་འབྲུག་གི་ནུབ་ཕྱོགས་སུ་ཆགས་ཡོད་འདུག སྙན་ཐོ་དེའི་ནང་དུ་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཀྱ་ཡིས་བཤད་པ་ལུང་དྲངས་ཏེ། ས་ཁུལ་འདི་ནི་ ༡༩༡༣ ལོར་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པས་འབྲུག་ལ་སྤྲད་པ་ཞིག་རེད་ཅེས་བརྗོད་འདུག གྲོང་གསེབ་འདི་དག་གིས་རྒྱ་ནག་ལ་མཚོན་ན་ཐབས་བྱུས་ཀྱི་དམིགས་ཡུལ་ཞིག་སྒྲུབ་ཀྱི་ཡོད་འདུག་པ་དང་། དེ་ནི་འབྲོག་ལམ་མཐོ་སྒང་གི་སྤྱི་ལེ་གྲུ་བཞི་མ་ ༨༩ ཡོད་པའི་ས་ཁུལ་ཚུད་པའི་ནུབ་ཕྱོགས་ཀྱི་ས་ཁུལ་ལ་དབང་བསྒྱུར་བྱ་རྒྱུའི་དམིགས་ཡུལ་ཡོད་འདུག་ཅིང་། འབྲོག་ལམ་མཐོ་སྒང་ལ་དབང་བསྒྱུར་བྱེད་ཐུབ་ན། རྒྱ་ནག་ལ་རྒྱ་གར་དང་མཉམ་དུ་རྒྱུན་མཐུད་པའི་འགལ་ཟླའི་གནས་སྟངས་ནང་དུ་གལ་ཆེའི་ཐབས་བྱུས་ཀྱི་ཁེ་ཕན་ཞིག་སྤྲོད་ཐུབ་ཀྱི་ཡོད་པར་བརྗོད་འདུག་པ་དང་། འབྲོག་ལམ་གྱི་ལྷོ་ཕྱོགས་རི་རྒྱུད་ནས་ཐབས་བྱུས་ཀྱི་གལ་གནད་ཆེ་བའི་(Siliguri Corridor)སི་ལི་གུ་རིའི་འབྲེལ་ལམ་མཐོང་ཐུབ་པ་དང་། འབྲེལ་ལམ་འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ས་ཆ་གཙོ་བོ་ཞིག་དང་བྱང་ཤར་ཁུལ་གྱི་མངའ་སྡེ་རྣམས་ལ་འབྲེལ་མཐུད་བྱེད་ཀྱི་ཡོད་འདུག གལ་ཏེ་རྒྱ་ནག་གིས་རི་རྒྱུད་འདིར་ལྟ་སྐོར་བྱེད་ཐུབ་ན། དེས་རྒྱ་གར་ལ་ཛ་དྲག་གི་ཉེན་ཁ་བཟོ་སྲིད་པར་བརྗོད་འདུག
༢༠༡༧ ལོའི་རྒྱ་གར་དང་རྒྱ་ནག་གི་འབྲོག་ལམ་རྩོད་རྙོག
བོད་སྐད་འབྲོག་ལམ་དང་རྒྱ་སྐད་དུ་ཏུང་ལང་ཟེར་བ་དེ་ནི་སྤྱི་ལེ་གྲུ་བཞི་མ་ ༡༠༠ ལས་ཉུང་བའི་མཐོ་སྒང་གི་ལུང་གཤོང་ས་ཁུལ་ཞིག་ཡིན་པ་དང་། རྒྱ་གར་དང་། འབྲུག བོད་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་སུམ་མདོར་ཆགས་ཡོད་འདུག ས་ཁུལ་དེ་ནི་བྱང་ངོས་སུ་བོད་ཀྱི་གཡས་སྟོང་རྫོང་དང་། ཤར་ངོས་སུ་འབྲུག་གི་ཧ་རྫོང་། ནུབ་ངོས་སུ་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེ་བཅས་ཀྱི་བར་དུ་ཆགས་ཡོད་འདུག རྒྱ་ནག་གིས་ཕྱི་ལོ་༡༩༨༨ ལོར་འབྲོག་ལམ་མཐོ་སྒང་ལ་དབང་བསྒྱུར་བྱས་པ་དང་།
འབྲོག་ལམ་ནི་ཁོང་ཚོའི་ཏུང་ལང་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་པར་རྗོད་ཀྱི་ཡོད་ཀྱང་། རྒྱ་གར་དང་འབྲུག་གཉིས་ཀས་དེ་ནི་འབྲུག་གི་མངའ་ཁོངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འབྲུག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་འདུག་ཀྱང་། རྒྱ་ནག་གིས་འབྲོག་ལམ་ཡོད་སར་རྒྱ་གར་དང་འབྲུག བོད་གསུམ་གྱི་ས་མཚམས་སུམ་མདོའི་ཉེ་འཁྲིས་སུ་འཛུགས་སྐྲུན་གྱི་ལས་གཞི་མུ་མཐུད་དུ་སྤེལ་ཡོད་འདུག
དེ་སྙན་ཐོའི་ནང་དུ། ཕྱི་ལོ༢༠༡༧ ལོའི་ཟླ་ ༦ པར། རྒྱ་ནག་གིས་འབྲུག་གི་ངོ་རྒོལ་ལ་མ་འཛེམས་པར་འབྲོག་ལམ་གྱི་རྒྱ་གར་དང་འབྲུག བོད་གསུམ་གྱི་ས་མཚམས་གསུམ་མདོའི་ཉེ་འཁྲིས་སུ་བཟོ་སྐྲུན་གྱི་ལས་གཞི་མུ་མཐུད་སྤེལ་བ་དེས་རྐྱེན་པས། རྒྱ་དཀར་ནག་གི་དམག་མིའི་བར་ཟླ་བ་གཉིས་རིང་གདོང་ཐུག་གི་གནས་སྟངས་ཤིག་བྱུང་ཡོད་འདུག་ལ། རྒྱ་ནག་གིས་མཐོ་སྒང་དེའི་ལྷོ་ཕྱོགས་སུ་ལམ་ཞིག་རྒྱ་སྐྱེད་བྱ་རྒྱུའི་འབད་བརྩོན་བྱས་ཡོད་འདུག་པ་དང་། རྒྱ་གར་གྱི་དམག་མིས་འཛུགས་སྐྲུན་ལས་གཞི་དེ་མཚམས་འཇོག་བྱེད་ཆེད་ཐེ་གཏོགས་བྱས་ཡོད་འདུག ཟླ་བ་གཉིས་རིང་གི་ས་མཚམས་ཀྱི་གདོང་ཐུག་ཛ་དྲག་པོ་ཞིག་བྱུང་ཡོད་པར་བརྗོད་འདུག
ལོ་དེའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ཕྱོགས་གཉིས་ཀས་རང་རང་གི་དམག་མི་ཕྱིར་འཐེན་བྱས་ཀྱང་། དུས་དེ་ནས་བཟུང་རྒྱ་ནག་གིས་འབྲོག་ལམ་ས་ཁུལ་ཕལ་ཆེ་བར་དབང་བསྒྱུར་བྱས་པ་མ་ཟད། དེར་སྤང་མདའ་ཞེས་པའི་གྲོང་གསེབ་ཅིག་ཀྱང་བཙུགས་ཡོད་པར་བརྗོད། རྒྱ་ནག་གི་ས་མཚམས་བརྒལ་བའི་གྲོང་གསེབ་དང་གཞིས་ཆགས་ ༡༤ ནི་འབྲུག་གི་བྱང་ཤར་ཕྱོགས་ཀྱི་བྱེ་བྲག་ཏུ་སྦས་ཡུལ་མཁན་པ་ལྗོངས་སྨན་ཆུ་མ་ཞེས་པའི་ས་ཁུལ་དུ་ཆགས་ཡོད་འདུག རྒྱ་ནག་གིས་ས་ཁུལ་འདི་དག་ལ་ཕྱི་ལོ༡༩༨༠ ལོ་ནས་བཟུང་བདག་དབང་ཡོད་ཚུལ་བཤད་ཡོད་ཀྱང་། ཉུང་མཐར་ ༡༩༩༠ ལོའི་འགོ་སྟོད་བར་དུ་གཞུང་འབྲེལ་ས་ཁྲ་ཁག་ཏུ་ས་ཁུལ་དེ་དག་འབྲུག་གི་ཆ་ཤས་སུ་རྟགས་བཀོད་ཡོད་འདུག
འབྲུག་གི་ནུབ་ཕྱོགས་དང་མི་འདྲ་བར། བྱང་ཤར་གི་ས་ཁུལ་འདི་དག་ནི་རྒྱ་ནག་ལ་མཚོན་ན་དམག་དོན་ཐབས་བྱུས་ཀྱི་རིན་ཐང་ཆེན་པོ་ཡོད་མི་འདུག འོ་ན་རྒྱ་ནག་གིས་ཅིའི་ཕྱིར་འབྲུག་གི་བྱང་ཤར་ཕྱོགས་བཙན་བཟུང་བྱེད་ཀྱི་ཡོད་དམ་ཟེར་མ། རྒྱ་ནག་གི་དམིགས་ཡུལ་ནི་ས་ཁུལ་འདི་དག་བེད་སྤྱོད་བྱས་ཏེ་འབྲུག་གི་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་དང་ལྷག་པར་དུ་འབྲོག་ལམ་མཐོ་སྒང་དེ་བརྗེ་ལེན་བྱ་རྒྱུའི་ཆེད་དུ་ཡིན་པར་བརྗོད་འདུག་ལ། འདི་ནི་ཕྱི་ལོ་༡༩༩༠ ལོར་རྒྱ་ནག་གིས་འབྲུག་ལ་གྲོས་མཐུན་གྱི་འཆར་གཞི་བཏོན་པ་དེས་གསལ་པོར་མཚོན་གྱི་ཡོད་འདུག འཆར་གཞི་དེའི་ནང་རྒྱ་ནག་གིས་བྱང་ཤར་གྱི་ས་ཁུལ་ཁག་ལ་བདག་དབང་ཡོད་པའི་ཐོབ་ཐང་འདོར་རྒྱུ་ཡིན་པ་དང་། དེའི་ཚབ་ཏུ་འབྲུག་གིས་འབྲོག་ལམ་ཚུད་པའི་ནུབ་ཕྱོགས་ཀྱི་ས་ཁུལ་རྒྱ་ནག་ལ་སྤྲོད་དགོས་པའི་འཆར་གཞི་འདོན་གྱི་ཡོད་འདུག་ལ། དེའི་དམིགས་ཡུལ་ནི་ཉོ་ཚོང་གི་ཐབས་བྱུས་ཤིག་ཡིན་པར་མངོན་གྱི་ཡོད་འདུག་ལ། རྒྱ་ནག་གིས་ས་ཁུལ་འདི་དག་བེད་སྤྱོད་བྱས་ཏེ་འབྲུག་གི་ནུབ་ཕྱོགས་སུ་ཁོང་ཚོས་འདོད་པའི་ས་ཁུལ་དང་བརྗེ་ལེན་བྱ་རྒྱུའི་འཆར་གཞི་ཡོད་པར་བརྗོད་འདུག
རྒྱ་ནག་གིས་རྒྱ་གར་དང་འབྲུག་གཉིས་ཀྱི་ཆིངས་ཡིག་ལ་གནོད་སྐྱོན་གཏོང་བའི་ཐབས་བྱུས་དྲུག
རྒྱ་གར་དང་འབྲུག་གཉིས་ཆིངས་ཡིག་ལྟར་ན། འབྲུག་གིས་རྒྱ་གར་གྱི་བདེ་འཇགས་ལ་བསམ་གཞིགས་བྱེད་དགོས་པར་བརྟེན། རྒྱ་གར་གྱི་མོས་མཐུན་མེད་པར་འབྲུག་གིས་འབྲོག་ལམ་ས་ཁུལ་རྒྱ་ནག་ལ་རྩིས་སྤྲོད་བྱེད་མི་ཐུབ་པ་དང་། དེའི་རྐྱེན་གྱིས་ཕྱི་ལོ་༡༩༩༠ ལོ་དཀྱིལ་ནས་བཟུང་། འབྲུག་གིས་རྒྱ་ནག་གིས་འཆར་གཞི་བཏོན་པའི་ས་ཁུལ་བརྗེ་ལེན་བྱེད་རྒྱུར་མོས་མཐུན་བྱ་རྒྱུ་ཕར་འགྱངས་བྱས་ཡོད་འདུག བོད་དོན་སྐོར་ཉམས་ཞིབ་བྱེད་མཁན་(Turquoise Roof)གི་སྙན་ཐོ་ལྟར་ན། འབྲུག་གིས་རྒྱ་ནག་གི་གྲོས་མཐུན་ལ་མོས་མཐུན་མ་བྱས་པ་དེ་ལ་རྒྱ་ནག་གིས་ཡ་ལན་སྤྲོད་འདོད་ཀྱི་ཐབས་བྱུས་དྲུག་མངོན་གྱི་ཡོད་འདུག
རིམ་པ་དང་པོ། ཕྱི་ལོ་༡༩༩༠ ལོའི་འགོ་སྟོད་དུ། རྒྱ་ནག་གིས་བོད་ཀྱི་འབྲོག་པ་ཚོ་རྩོད་གཞི་ཅན་གྱི་ས་ཁུལ་དུ་གནས་སྤོ་བཏང་བ་ནས། འབྲུག་གི་འབྲོག་པ་ཚོ་ཡང་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་གནས་སྟངས་ཤིག་བྱུང་ཡོད་འདུག
རིམ་པ་གཉིས་པ། བོད་པའི་འབྲོག་པ་ཚོས་རྩོད་གཞི་ཅན་གྱི་ས་ཁུལ་དེ་དག་ཏུ་གཏན་འཇགས་གནས་སྡོད་བྱེད་བཅུག་ཡོད་འདུག
རིམ་པ་གསུམ་པ། དམག་མིའི་སྐོར་བསྐྱོད་བ་ས་ཁུལ་དེ་དག་ཏུ་བཏང་སྟེ་འབྲོག་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག
རིམ་པ་བཞི་པ། དམག་སྒར་གྱི་ཚུལ་དུ་གནས་སྐབས་ཀྱི་སྡོད་གནས་བཟོས་པ་དང་། རྗེས་སུ་དེ་དག་གཏན་འཇགས་གནས་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་འདུག
རིམ་པ་ལྔ་པ། ཕྱི་ལོ་༢༠༠༤ ལོ་ཙམ་ནས་བཟུང་། དམག་སྒར་དེ་དག་དང་བོད་ནང་གི་གྲོང་ཁྱེར་ཁག་དབར་འབྲེལ་མཐུད་བྱེད་པའི་ལམ་བཟོས་ཡོད་འདུག
རིམ་པ་མཐའ་མ། ཕྱི་ལོ་༢༠༡༦ ལོར་བདག་དབང་ཡོད་པར་ཁས་ལེན་བྱས་པའི་ས་ཁུལ་དུ་གྲོང་གསེབ་འཛུགས་སྐྲུན་འགོ་བཙུགས་ཡོད་འདུག
གལ་ཏེ་འབྲུག་གིས་རྒྱ་ནག་གི་རེ་འདུན་ལ་ངོས་ལེན་བྱས་ན།
ཕྱིལོ༢༠༢༣ ལོའི་ཟླ་ ༣ པའི་ནང་འབྲུག་གཞུང་གིས་གདམ་ག་གཞན་མེད་པ་ལྟ་བུའི་རྣམ་པའི་ཐོག་ནས་རྒྱ་ནག་དང་མཉམ་དུ་ས་ཁུལ་བརྗེ་ལེན་གྱི་གྲོས་མཐུན་ཞིག་འཇོག་འདོད་ཡོད་པའི་རྣམ་པ་བསྟན་ཡོད་འདུག འོན་ཀྱང་། རྒྱ་ནག་གིས་ས་མཚམས་བརྒལ་བའི་གྲོང་གསེབ་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་མ་བྱས་པར་མ་ཟད། དེ་བས་ཀྱང་མགྱོགས་སུ་བཏང་ཡོད་འདུག ཕྱི་ལོ༢༠༢༣ ལོའི་འགོ་སྟོད་ནས་བཟུང་འབྲུག་གི་བྱང་ཤར་ཕྱོགས་སུ་གྲོང་གསེབ་བམ་གཞིས་ཆགས་གསར་པ་ ༧ བཟོས་ཡོད་པ་དེས་ས་ཁུལ་དེར་སྡོད་ཁང་གི་གྲངས་འབོར་ཧ་ཅང་མང་དུ་བཏང་ཡོད་འདུག རྒྱ་ནག་གིས་ཐོག་མའི་ཁས་ལེན་ལྟར། གྲོང་གསེབ་བཟོས་ཟིན་པའི་འབྲུག་གི་བྱང་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཕྱིར་སློག་བྱ་རྒྱུ་ཇེ་དཀའ་རུ་འགྲོ་བཞིན་པ་མངོན་ཡོད་འདུག་ལ། འབྲུག་གིས་ས་ཁུལ་དེ་ཙམ་ལས་ཕྱིར་ལེན་མི་ཐུབ་པར་མངོན། དེ་ནི་རྒྱ་ནག་གིས་གཙོ་བོ་ཉོ་ཚོང་གི་ཐབས་བྱུས་ཙམ་དུ་བདག་དབང་ཡོད་པའི་ཁས་ལེན་བྱས་པའམ་བཙན་བཟུང་བྱས་པའི་ས་ཁུལ་ཁག་ཡིན་འདུག
ཕྱི་ལོ་༢༠༢༣-༢༤ ལོར་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཇེ་མང་དུ་ཕྱིན་པའི་རྐྱེན་གྱིས་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་གྲོང་གསེབ་བཟོས་ཟིན་པའི་ས་ཁུལ་ཕྱིར་སློག་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མངོན་པར་བརྗོད། དེ་ནི་བཙན་བཟུང་བྱས་པའི་རྩོད་གཞི་ཅན་གྱི་ས་ཁུལ་གྱི་བརྒྱ་ཆ་ ༨༠ ཙམ་ཡིན་འདུག བོད་དོན་སྐོར་གྱི་ཉམས་ཞིབ་གནང་མཁན་གྱི་སྙན་ཐོ་ལྟར་ན། འབྲུག་གིས་རྒྱ་གར་གྱི་བདེ་འཇགས་ལ་བསམ་གཞིགས་བྱས་ཏེ་འབྲོག་ལམ་ས་ཁུལ་རྒྱ་ནག་ལ་རྩིས་སྤྲོད་མི་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་ནག་གིས་ས་ཁུལ་དེ་དག་ཕྱིར་སློག་བྱེད་དགོས་པའི་འགན་འཁྲི་མེད་ཅེས་རྩོད་པ་རྒྱག་སྲིད་པ་ཡིན་འདུག
གལ་ཏེ་སྔོན་དཔག་བྱས་པར་གཞིགས་ན། འབྲུག་གིས་རང་གི་ནུབ་རྒྱུད་ཀྱི་འབྲོག་ལམ་མ་ཡིན་པའི་ས་ཁུལ་གཞན་རྒྱ་ནག་ལ་ཤོར་དུ་བཅུག་ན། ཕལ་ཆེར་རྒྱ་ནག་གིས་བདག་དབང་ཡོད་པའི་ཁས་ལེན་བྱས་ཀྱང་དངོས་སུ་བཙན་བཟུང་མ་བྱས་པའི་ས་ཁུལ་ཁག་ལ་མངའ་ཁོངས་སུ་གཏོགས་ཡོད་པའི་ཐོབ་ཐང་འདོར་རྒྱུ་སྲིད་པ་ཡིན་འདུག དེ་དག་ནི་ནུབ་ཕྱོགས་ཀྱི་(Langmarpo)ལང་དམར་པོ་གོང་མ་དང་། (Charitang)ཆ་རི་ཐང་། (Yak Chu )གཡག་ཆུ་ས་ཁུལ་བཅས་སུ་སྤྱི་ལེ་གྲུ་བཞི་མ་ ༣༥༣ ཙམ་དང་། བྱང་ཤར་གི་(Chagdzom)ཕྱག་རྫོང་མ་ས་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་ ༧༨ ཙམ་ཡོད་འདུག
རྒྱ་ནག་གིས་(Pagsamlung)སྤགས་བསམ་ཀླུང་གི་ལུང་གཤོང་དུ་དབང་བསྒྱུར་བྱས་ཀྱང་གྲོང་གསེབ་འཛུགས་སྐྲུན་བྱས་པའི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ ༡༤༧ ཙམ་ཡང་ཕྱིར་སློག་བྱ་སྲིད་པར་བརྗོད། སྙན་ཐོའི་ནང་བཤད་དོན་ལ། འབྲུག་ལ་སྲུང་སྐྱོབ་ཀྱི་ཐོན་ཁུངས་དེ་ཙམ་མེད་པ་དང་། རྒྱ་གར་གྱིས་ལོ་རྒྱུས་ཐོག་འབྲུག་གི་བདེ་འཇགས་ལ་འགན་ལེན་བྱེད་མཁན་ཞིག་གི་ཚུལ་དུ་གནས་ཡོད་པ་ལས། འབྲོག་ལམ་ཕུད་པའི་འབྲུག་གི་ས་མཚམས་ཀྱི་གནད་དོན་ཐད་རྒྱ་གར་ལ་དོ་སྣང་ཆེན་པོ་དེ་ཙམ་ཡོད་མི་འདུག ཕྱི་ལོ་༢༠༡༧ ལོ་ནས་བཟུང་འབྲུག་དང་རྒྱ་ནག་གི་ས་མཚམས་རྩོད་རྙོག་སྐོར་རྒྱ་གར་དང་འབྲུག་གི་བར་དུ་གྲོས་མོལ་ཇི་ཙམ་བྱུང་ཡོད་མེད་གསལ་པོ་ཡོད་མི་འདུག་ལ། འབྲོག་ལམ་ཕུད་པའི་འབྲུག་གི་ས་མཚམས་གནད་དོན་ཐོག་རྒྱ་གར་གྱི་ལངས་ཕྱོགས་གང་ཡིན་ཡང་གསལ་པོ་ཡོད་མི་འདུག
རྒྱ་ནག་གིས་རྒྱལ་ཁབ་ཆུང་གྲས་རྣམས་ལ་དཀའ་ངལ་སྤྲོད་ཀྱི་ཡོད་པ།
རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ལས་དོན་ཁྲོད་ནས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་མངའ་ཁུལ་བདག་ཏུ་འཛིན་པ་ནི་འབྲུག་གཅིག་པུར་མ་ཡིན་པར། རྒྱ་གར་དང་ཐའེ་ཝན། ཧྥི་ལི་ཕིན་སོགས་རྒྱལ་སྤྱིའི་ཁྲོད་ཀྱི་རྒྱལ་ཁབ་གཞན་རྣམས་ལ་ཡང་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།