རྒྱ་ནག་གིས་འཛམ་གླིང་ནང་དམག་སྒར་ཆེ་ཤོས་དེ་གསར་རྒྱག་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཛམ་གླིང་ནང་གི་དམག་སྒར་ཆེ་ཤོས་དེ་གསར་རྒྱག་བྱེད་རྒྱུའི་འགོ་འཛུགས་བྱས་ཟིན་ཡོད་འདུག་ལ། དམག་སྒར་དེ་གལ་སྲིད་འཛམ་གླིང་ནང་དམག་འཁྲུག་ཆེན་པོ་ཞིག་བྱུང་ཚེ། དམར་ཤོག་ཚོགས་པའི་འགོ་དཔོན་རྣམས་དང་། དམག་གི་གོ་མཚོན་གལ་ཆེན་རྣམས་སྐུང་སའི་ལྟེ་གནས་ཤིག་བཟོ་འཆར་ཡོད་འདུག་ལ།  ཨ་རིའི་བདེ་སྲུང་ལས་ཁུངས་(Pentagon)ལས་ལྡབ་བཅུས་ཆེ་བ་ཡོད་པར་བརྗོད་འདུག 

ཕྱི་ཚེས་༣ ཉིན་ཨེ་ཤེ་ཡའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ཡི་ལོ་དཀྱིལ་ནས་རྒྱ་ནག་བཅིངས་འགྲོལ་དམག་ཟེར་བས་པེ་ཅིན་དུ་འཛམ་གླིང་ནང་དམག་སྒར་ཆེ་ཤོས་ཤིག་གསར་རྒྱག་བྱེད་རྒྱུར་འགོ་འཛུགས་བྱས་ཟིན་ཡོད་འདུག་ལ། དམག་སྒར་དེ་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་(Beijing Military City)པེ་ཅིན་དམག་གི་གྲོང་ཁྱེར་ཞེས་འབོད་ཀྱི་ཡོད་འདུག དམག་སྒར་དེ་གཙོ་བོ་རྒྱ་ནག་གི་གོ་མཚོན་རྣམས་ལ་ཕྱི་ཕྱོགས་ནས་དགྲ་བོས་རྒོལ་རྡུང་གཏོང་དུས་འགོག་ཆེད་དུ་ཡིན་འདུག་ཅིང་། དེ་བཞིན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ཚེ་སྲོག་ལ་ཉེན་ཁ་བྱུང་ཚེ་སྲུང་སྐྱོབ་བྱེད་ས་ཡིན་པར་རྗོད་ཀྱི་ཡོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་བརྗོད་དོན་ལ་ད་ཆར་རྒྱ་ནག་གིས་མ་འོངས་པའི་དམག་འཁྲུག་ཆེན་པོ་ཞིག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དམིགས་བསལ་རྡུལ་ཕྲན་མཚོན་ཆ་འགོག་རྒོལ་ཐུབ་པའི་དམག་སྒར་གསར་རྒྱག་བྱེད་བཞིན་ཡོད་པར་བརྟེན། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གསང་བའི་ལས་བྱེད་རྣམས་ལ་ཅོང་བརྡ་ཆེན་པོ་ཞིག་ཡིན་པར་བརྗོད་འདུག དཔལ་འབྱོར་དུས་བབ་ཀྱིས་འཁོར་སྐར་བརྒྱུད་ནས་ལྟ་དུས་དམག་སྒར་དེའི་རྒྱ་ཆེ་ཆུང་ནི་ཨེ་ཀ་(acre)༡༥༠༠ དང་སྤྱིི་ལེ་༣༠ ཙམ་ཡོད་འདུག་པ་དང་། པེ་ཅིན་གྱི་ལྷོ་ནུབ་ཕྱོགས་སུ་གསར་རྒྱག་བྱེད་བཞིན་ཡོད་འདུག དམག་དོན་མཁས་པས་བརྗོད་དོན་ལ་དམག་སྒར་དེའི་མཐའ་ཡོངས་སུ་རྭ་བས་བསྐོར་ནས་ས་འོག་ཏུ་དོང་དྲུས་ཏེ་གལ་སྲིད་དམག་འཁྲུག་ཆེན་པོ་འདྲ་བྱུང་ན་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་གྲས་ཚོའི་ཡིབ་ས་ཡིན་པ་དང་། ལོ་སྔོན་མ་ནས་འཛུགས་སྐྲུན་ལས་གཞི་འགོ་བཙུགས་ཟིན་ཡོད་འདུག་ཅིང་། དེའི་ཉེ་འཁོར་དུ་མི་སེར་གཅིག་ཀྱང་གཏོང་གི་མེད་པ་ས་གནས་ཀྱི་ཚོང་ཁང་བདག་པོ་ཞིག་ལ་གསར་འགོད་པས་སྐད་ཆ་འདྲི་དུས་བརྗོད་ཡོད་འདུག དེ་བཞིན་ཉེ་འཁོར་ཉེན་རྟོག་པས་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་གནས་ཚུལ་ཞིབ་ཕྲ་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་པར་བརྗོད་ཡོད་འདུག 

རྒྱ་ནག་གིས་འཛམ་གླིང་ནང་དམག་སྒར་ཆེ་ཤོས་དེ་གསར་རྒྱག་བྱེད་འགོ་བཙུགས་ཡོད་པ་དང་དུས་མཉམ་དུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ངོས་ནས་བདེ་འཇགས་སྲུང་སྐྱོབ་ཆེད་དུ་བར་སྣང་དབྱིངས་སུ་གོ་མཚོན་འགོག་རྒོལ་གྱི་མ་ལག་(Iron Dome)ཟེར་བའི་རིམ་པ་གཉིས་པའམ་ཐོན་གསར་ཤོས་གཉིས་པ་ཞིག་བཟོ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཅིང་། གོ་མཚོན་འགོག་རྒོལ་མ་ལག་དེ་ཨི་སི་རེལ་གྱི་གོ་མཚོན་འགོག་རྒོལ་མ་ལག་ལས་ལྡབ་མང་པོས་ཆེ་བ་ཡོད་པ་ཞིག་བཟོ་འཆར་ཡོད་འདུག ཨ་རིས་བཟོ་འཆར་ཡོད་པའི་གོ་མཚོན་འགོག་རྒོལ་མ་ལག་དེས་གླིང་ཕྲན་གཅིག་ནས་གཅིག་ལ་འཕུར་ཐུབ་པའི་གོ་མཚོན་(intercontinental ballistic missiles)རིགས་ཀྱང་འགོག་རྒོལ་ཐུབ་པ་ཞིག་བཟོ་འཆར་ཡོད་འདུག་ལ། རྒྱ་ནག་གིས་ཕྱི་ལོ་༢༠༡༧ ནས་ས་འོག་ཏུ་མེ་ཊར་༡༠༠ ཡི་གཏིང་ཚད་ཡོད་པའི་དོང་ཞིག་གི་ནང་དུ་རྡུལ་ཕྲན་མཚོན་ཆ་ཉར་ཡོད་འདུག་པར་བརྟེན། དེ་ད་ལྟ་རྒྱ་ནག་གིས་གསར་རྒྱག་བྱེད་བཞིན་པའི་དམག་སྒར་དང་བསྡུར་ན་ཧ་ཅང་ཆུང་ཆུང་ཞིག་ཡིན་འདུག 

རྒྱ་ནག་གི་གོ་མཚོན་མ་ལག་བཟོ་སྐྲུན་བྱེད་མཁན་(Qian Qihu)ཟེར་བ་ཞིག་གིས་(CCTV)ནང་བརྗོད་དོན་ལ། རྒྱ་ནག་གི་ངོས་ནས་གཞན་ལ་གོ་མཚོན་དང་པོ་ནམ་ཡང་འཕེན་གྱི་མ་རེད། དགྲ་བོས་དང་པོ་འཕེན་དུས་ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་རྗེས་སུ་ང་ཚོས་དགྲ་བོ་ལ་ཁ་གཏད་གཅོག་དགོས་པར་བརྟེན། ཐོག་མ་རང་ཉིད་སྲུང་སྐྱོབ་བྱེད་ཆེད་དུ་རང་གི་གོ་མཚོན་རྣམས་སྲུང་སྐྱོབ་བྱེད་དགོས་པས། དེ་སྲུང་ཆེད་དམག་སྒར་ཡག་པོ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པར་བརྗོད་འདུག མི་དེ་ཕྱི་ལོ་༡༩༦༠ ནང་ཨུ་རུ་སུ་ལ་ཕྱིན་ནས་དམག་དོན་དང་འབྲེལ་བའི་སྐོར་སློབ་སྦྱོང་བྱས་ཡོད་འདུག་ཅིང་། དམིགས་བསལ་ས་འོག་ཏུ་གོ་མཚོན་འགོག་རྒོལ་མ་ལག་གསར་བཟོ་བྱེད་སྟངས་ཐད་སློབ་སྦྱོང་ཚད་མཐོན་པོ་བྱས་ཡོད་འདུག 

ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཉམས་ཞིབ་ལྟེ་གནས་ཁང་(the Council on Strategic and Wargaming Studies)ཟེར་བ་ནང་ཡོད་པའི་ཉམས་ཞིབ་པ་(Hsu Yen-chi)་ཟེར་བ་ཞིག་གིས་བརྗོད་དོན་ལ། ད་ལྟ་འཛུགས་སྐྲུན་ལས་གཞི་འགྲོ་བཞིན་པའི་དམག་སྒར་དེའི་རྒྱ་ཁྱོན་ནི་སྒྲིག་འཛུགས་ཤིག་གི་རྒྱ་ཆེ་ཆུང་ལྟ་བུ་ཞིག་ཡོད་པ་དང་། དེའི་ནང་གོ་མཚོན་ཉར་ས་གཅིག་པོ་མ་ཡིན་པར། དམག་སྦྱོང་སྤྲོད་ས་དང་དམག་དོན་སྐོར་ཉམས་ཞིབ་སོགས་བྱེད་ས་ཡིན་པར་བརྗོད་ཡོད་འདུག 

ཕྱི་ལོ་༢༠༡༨ ལོར་(the Institute of Geology and Geophysics)ཟེར་བའི་རྒྱ་ནག་གི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གི་ཚོགས་གཙོ་གཞོན་པ་(Qin Dajun)ཟེར་བ་ཞིག་གིས་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་ལ་བརྗོད་དོན། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ལྷོ་ནུབ་ཕྱོགས་སུ་རྡུལ་ཕྲན་མཚོན་ཆ་ཉར་སའི་བྲག་ཕུག་བཙན་པོ་ཞིག་རྙེད་ཡོད་ཚུལ་བརྗོད་ཡོད་འདུག་ལ། བྲག་ཕུག་དེའི་གཏིང་རིང་ཚད་ནི་ས་འོག་ཏུ་མེ་ཊར་༢༠༠༠ ཙམ་ཡོད་པར་བརྗོད་འདུག དམག་དོན་མཁས་པ་ཚོས་དམག་འཁྲུག་ཆེན་པོ་ཞིག་བྱུང་ཚེ་རྒྱ་ནག་གི་གོ་མཚོན་དག་དེར་ཉར་སྲིད་པ་དང་། ཞི་ཅིན་ཕེང་ཡང་དེར་བྲོས་འགྲོ་སྲིད་པར་བརྗོད་ཡོད་འདུག བྲག་ཕུག་དེ་རྒྱ་ནག་གི་རྒྱལ་སའི་ཉེ་འཁོར་དུ་ཡོད་ཅིང་ཤིང་ནགས་མཐུག་ལ་ས་ཆ་བཙན་པོ་ཞིག་གི་ནང་ཡོད་པར་རྗོད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།